ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་འཁྲུག་རྩོད་བྱུང་བའི་ཚུན་ཆེས་གཞི་རྒྱ་ཆེ་བའི་བཟུང་དམག་བརྗེ་སྤོར་བྱས།
2025.05.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་ཚེས23ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཝུའུ་ཁི་ལན་དང་ཨུ་རུ་སི་ཡིས་ཉིན་དེར་བཟུང་དམག་སྟོང་བརྒྱད་བརྗེ་སྤོར་བྱེད་པའི་འཆར་གཞིའི་དུས་རིམ་དང་པོའི་མི་སྣ་བརྗེ་སྤོར་བྱས། བསྡོམས་པས་ཝུའུ་ཁི་ལན་གྱི་མི390ཕྱིར་བཏང་ཡོད།

ཙེ་ལིན་སི་ཅི་ཡིས་བསྟན་དོན། གཟའ་འཁོར་འདིའི་གཟའ་མཇུག་ཏུ་བཟུང་དམག་བརྗེ་སྤོར་བྱ་བ་མུ་མཐུད་དུ་སྤེལ་བར་རེ་སྒུག་བྱས་ཡོད་ཟེར།

ཝུའུ་ཁི་ལན་གྱི་རྒྱལ་སྲུང་པུའུ་ཡི་གསང་འཕྲིན་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་པུའུ་ཏཱ་ནོའུ་ཧྥུའུ་ཡིས་ཉིན་དེར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཕྱིར་བཏང་ནས་རྒྱལ་ནང་དུ་ལོག་པའི་ཝུའུ་ཁི་ལན་གྱི་མི390ཁྲོད་ཝུའུ་ཁི་ལན་གྱི་དམག་མི270ཡོད་པ་དང་ཝུའུ་ཁི་ལན་གྱི་མི་སེར་དཀྱུས་མ120ཡོད་ཟེར།

ཝུའུ་ཁི་ལན་གྱི་རྒྱལ་སྲུང་པུའུ་ཀྲང་ཝུའུ་མཱེ་ལོ་ཧྥུའུ་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཉེ་སྔོན་ཐུར་ཁེའི་དབྱི་སི་ཐན་པོར་ནས་བཀོད་པའི་གྲོས་མཐུན་ལྟར་དུ། ཕྱོགས་གཉིས་ཀྱིས་མི་སྣ་སྐོར་ཞིག་བརྗེ་སྤོར་བྱས་པ་དང་། མི་སྣའི་བརྗེ་སྤོར་བྱ་བ་དེ་བསྟུད་མར་ཉིན་འགའི་རིང་སྤེལ་ངེས་ཡིན་ཟེར།

ཝུའུ་ཁི་ལན་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། 2022ལོར་ཨུ་རུ་སི་དང་ཝུའུ་ཁི་ལན་བར་འཁྲུག་རྩོད་བྱུང་བའི་ཚུན་ལ། ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་ཀྱིས་བཟུང་དམག་བརྗེ་སྤོར་བྱེད་པའི་འགུལ་སྐྱོད་ཐེངས་རེ་བཞིན་སྤེལ་བ་དང་། སྔོན་ཐེངས་ཕྱིར་བཏང་བའི་མི་སྣ་བརྩིས་ན། ཝུའུ་ཁི་ལན་གྱི་མི་སྟོང་ལྔ་དང་བརྒྱ་ལྷག་ཕྱིར་བཏང་ཡོད།

ཨུ་རུ་སི་དང་ཝུའུ་ཁི་ལན་རྒྱལ་ཁབ་གཉིས་ཀྱིས་ཚེས16ཉིན་དབྱི་སི་ཐན་པོར་ནས་ཞི་བའི་སྒོ་ནས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པའི་ཐད་ཀར་གྲོས་མོལ་སླར་གསོ་བྱས་པ་དང་། ཕྱོགས་གཉིས་ཀྱིས་བཟུང་དམག་བརྗེ་སྤོར་བྱེད་པའི་གྲོས་མཐུན་བཀོད།


བསོད་ནམས་ཚེ་རིང་གིས་བསྒྱུར།