མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་དབྱི་སི་རལ་གྱིས་སྔར་ལས་མང་བའི་རྒུད་སྐྱོབ་དངོས་རྫས་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་ཆོག་མཆན་འགོད་དགོས་པའི་སྐུལ་མ་བཏང་།
2025.05.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས23ཉིན་དབྱི་སི་རལ་གྱིས་སྔར་ལས་མང་བའི་རྒུད་སྐྱོབ་དངོས་རྫས་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་ཆོག་མཆན་འགོད་དགོས་པ་དང་། དེའི་ཞོར་དུ་རྒུད་སྐྱོབ་དངོས་རྫས་སྐྱེལ་འདྲེན་བྱེད་པའི་བདེ་འཇགས་འགན་སྲུང་ཐད་སྟབས་བདེ་བཟོ་དགོས་པའི་སྐུལ་མ་བཏང་།

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་གནས་བབ་ཐད་ནས་གསར་འགོད་པའི་སྣེ་ལེན་ཚོགས་འདུ་བསྡུས། ཁོས་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་གྱི་མི་རྣམས་ཀྱིས་ཡ་ང་བའི་འཁྲུག་རྩོད་དཀའ་སྡུག་ཆེན་པོ་མྱོང་བཞིན་ཡོད་པ་དང་། དབྱི་སི་རལ་གྱིས་བསྟུད་མར་ཉིན80རིང་ལ་རྒྱལ་སྤྱིའི་རྒུད་སྐྱོབ་དངོས་རྫས་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་བཀག་འགོག་བྱས་ཡོད། མིག་སྔར་ཅཱ་ཧྲ་ས་ཁུལ་གྱི་སྡོད་དམངས་ཚང་མ་ལྟོགས་སྡུག་གིས་མནར་བཞིན་ཡོད་ཟེར།

ཁོས་བསྟན་དོན། ཉེ་སྔོན་དབྱི་སི་རལ་གྱིས་མི་ཆོས་རྒུད་སྐྱོབ་དངོས་རྫས་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་ཆོག་མཆན་བཀོད་ཡོད་ཀྱང་། རྒུད་སྐྱོབ་དངོས་རྫས་སྐྱེལ་བར་དཀའ་ཁག་མང་བོ་ཡོད་པ་རེད། དངོས་སྐྱེལ་རླངས་འཁོར་བཞི་བརྒྱ་ཙམ་ཉེ་སྔོན་ཅཱ་ཧྲའི་ལྷོ་ངོས་ཀྱི་ཁེ་ལོས་མུའུ་ཧྲ་ལོ་མུའུ་རྒྱུ་ལམ་བརྒྱུད་དེ་ཅཱ་ཧྲ་ས་ཁུལ་དུ་ཡོང་བར་ཆོག་མཆན་བཀོད་ཡོད་ཀྱང་། དངོས་སྐྱེལ་རླངས་འཁོར115ཙམ་མ་གཏོགས་ཅཱ་ཧྲ་རུ་འབྱོར་མེད། དཀའ་སྡུག་ཆེ་བའི་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་དུ་ད་ལྟའི་བར་རྒུད་སྐྱོབ་དངོས་རྫས་ཅི་ཡང་འབྱོར་མེད། དབྱི་སི་རལ་ཕྱོགས་ཀྱིས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒུད་སྐྱོབ་དངོས་རྫས་བགོ་བཤའ་བྱེད་པར་ཚད་གཞི་དང་དགོས་མེད་ཀྱི་ལས་རིམ་བཀོད་སྒྲིག་བྱས་ཡོད་ལ། འབར་རྫས་དང་རས་གུར། ཟས་གཡོ་སྐོལ་བྱེད་སྤྱད་ཀྱི་ཝ་སི། དག་གཙང་ཆུའི་སྒྲིག་ཆས་སོགས་འདུས་པའི་འཚོ་བའི་མཁོ་དངོས་དག་ཅཱ་ཧྲ་ས་ཁུལ་སྐྱེལ་བར་གཏན་འགོག་བྱས་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་ནན་གྱིས་བསྟན་དོན། དབྱི་སི་རལ་གྱིས་རྒྱལ་སྤྱིའི་མི་ཆོས་རིང་ལུགས་བཅའ་ཁྲིམས་ཀྱི་འོས་འགན་ཁུར་དགོས་པ་དང་། ངེས་པར་དུ་མི་ཆོས་ཀྱི་ཐབས་ལ་བརྟེན་ནས་མི་སེར་དཀྱུས་མར་སེམས་ཁུར་བྱེད་དགོས་ལ། མི་སེར་དཀྱུས་མ་དག་བཙན་ཤེད་ཀྱིས་རང་ཁྱིམ་དང་འབྲེལ་དུ་འཇུག་མི་རུང་བ་དང་། ངེས་པར་དུ་དགོས་གལ་ཆེ་བའི་རྒུད་སྐྱོབ་དངོས་རྫས་དག་སྐྱེལ་འདྲེན་བྱེད་པར་ཆོག་མཆན་བཀོད་ནས་དེར་སྟབས་བདེ་བཟོ་དགོས་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་དབྱི་སི་རལ་གྱིས་རྒུད་སྐྱོབ་དངོས་རྫས་སྐྱེལ་འདྲེན་གྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་དང་དེའི་མཉམ་ལས་གྲོགས་པོས་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་དག་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བར་ལག་བསྟར་ཆོག་པའི་ཇུས་གཞི་ཞིབ་མོ་གཏན་འབེབས་བྱས་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ལ་མིག་སྔར་མི་སྣ་དང་རྒུད་སྐྱོབ་དངོས་རྫས་སྟེར་ས་སོགས་ཡོད་ལ། མིག་སྔར་རྒུད་སྐྱོབ་དངོས་རྫས་ཀྱི་གསོག་ཚད་དངོས་སྐྱེལ་རླངས་འཁོར་སྟོང་དགུ་ལྷག་ཡོད་ཟེར། ཁོས་ཅཱ་ཧྲ་ས་ཁུལ་དུ་མྱུར་ཞིང་བློ་གཏད་རུང་ལ། བདེ་འཇགས་རྒྱུན་མཐུད་ཅན་གྱི་རོགས་སྐྱོར་བྱེད་ཐབས་ལག་བསྟར་མ་བྱས་ན། མི་སྔར་ལས་མང་བོའི་ཚེ་སྲོག་ཤོར་སྲིད་པ་དང་། ཅཱ་ཧྲ་ས་ཁུལ་གྱི་སྡོད་དམངས་ཚང་མ་ཉམ་ཐག་གི་གནས་སུ་ལྷུང་སྲིད་པའི་ཉེན་བརྡ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།