སྐོར་ཐེངས་ལྔ་བའི་ཨ་མེ་རི་ཁ་དང་དབྱི་ལིང་གི་གྲོས་མོལ་ལ་གྲུབ་འབྲས་ཅུང་བཟང་བོ་ཐོབ།
2025.05.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མེ་རི་ཁ་དང་དབྱི་ལིང་གིས་ཚེས23ཉིན་དབྱི་ཐཱ་ལེའི་རྒྱལ་ས་རོ་མཱ་ནས་སྐོར་ཐེངས་ལྔ་བའི་གྲོས་མོལ་སྤེལ། གྲོས་མོལ་ལ་མགོ་འཛིན་བྱེད་པའི་ཨ་མན་ཕྱོགས་ཀྱིས་བསྟན་དོན། གྲོས་མོལ་ལ་གྲུབ་འབྲས་ཅུང་བཟང་བོ་ཐོབ་ཡོད་ཀྱང་། ཆོད་དོན་རང་བཞིན་གྱི་གྲུབ་འབྲས་ཐོབ་མེད་ཟེར།

ཐེངས་འདིའི་གྲོས་མོལ་དེ་དབྱི་ཐཱ་ལེ་རུ་སྡོད་པའི་ཨ་མན་གཞུང་ཚབ་ཁང་ནས་སྤེལ་བ་དང་དུས་ཚོད་གསུམ་ཙམ་འགོར་ཡོད། ཨ་མན་གྱི་ཕྱི་འབྲེལ་བློན་ཆེན་པཱ་ཏི་ཨར་གྱིས་སྨྱན་བྱད་ལ་བསྟན་དོན། གྲོས་མོལ་ལ་གྲུབ་འབྲས་ཅུང་ཙམ་ཐོབ་ཡོད་ཀྱང་། ཆོད་དོན་རང་བཞིན་གྱི་གྲུབ་འབྲས་ཐོབ་མེད་ཟེར། མ་འོངས་པའི་ཉིན་འགའི་ནང་ལྷག་འཕྲོའི་གནད་དོན་དག་འབུད་བྱས་ཏེ། ཕྱོགས་སོ་སོས་རྒྱུན་མཐུད་དང་འོས་འཚམ་གྱི་གྲོས་མཐུན་འགོད་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པཱ་ཅཱ་ཨེ་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། སྐོར་ཐེངས་འདིའི་གྲོས་མོལ་ཁྲོད་དབྱི་ལིང་གིས་ཡང་བསྐྱར་རྩ་དོན་ལངས་ཕྱོགས་ལ་འགྲེལ་བརྗོད་གསལ་བོ་བྱས་པ་དང་། གྲོས་མོལ་དེ་ཞི་འཇགས་ཀྱི་སྣང་ཚུལ་ཁྲོད་སྤེལ་ཟེར། པཱ་ཏི་ཨར་གྱིས་དེའི་སྔོན་བཀག་རྒྱ་ཁྱད་དུ་བསལ་བའི་ཐག་གཅོད་ཇུས་གཞི་དང་འདོད་ཚུལ་བཏོན་ཡོད་ལ། ཐེངས་འདིའི་གྲོས་མོལ་ནས་ཇུས་གཞི་དང་འདོད་ཚུལ་དེ་དག་ལ་གྲོས་ཞིབ་བྱས་པ་དང་། སྐོར་ཐེངས་རྗེས་མའི་གྲོས་མོལ་གྱི་དུས་ཚོད་དང་ས་གནས་སོགས་རྗེས་ནས་གཏན་འབེབས་བྱས་ཏེ་ཁྱབ་བསྒྲགས་བྱེད་རྒྱུ་རེད་ཟེར།

གཞན་ཡང་དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ཡིས་གྲོས་མོལ་མཇུག་སྒྲིལ་རྗེས་བཤད་རྒྱུར། ཐེངས་འདིའི་གྲོས་མོལ་ནི་ཕྱོགས་གཉིས་ཀྱི་ཞི་བའི་གྲོས་མོལ་ཁྲོད་ཀྱི་ཆེད་ལས་རང་བཞིན་ལྡན་པའི་གྲོས་མོལ་ཅིག་རེད་ཟེར། པཱ་ཏི་ཨར་གྱིས་ཐག་གཅོད་ཇུས་གཞི་བཏོན་ནས་ད་ཡོད་ཀྱི་བཀག་རྒྱ་བསལ་བ་དང་། གྲོས་མོལ་ལ་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་། ཕྱོགས་གཉིས་ཀྱིས་སྐོར་ཐེངས་ལྔ་བའི་གྲོས་མོལ་ཁྲོད་འདོད་ཚུལ་མི་འདྲ་བར་གྲོས་ཞིབ་བྱས་པར་མ་ཟད། ཕྱོགས་གཉིས་ཀྱི་ཆེད་མཁས་པས་ཇུས་གཞི་དེ་དག་ལ་ཞིབ་ཏུ་གྲོས་ཞིབ་བྱེད་རྒྱུ་ཐག་བཅད། གལ་ཏེ་ཐག་གཅོད་ཇུས་གཞི་དེ་ཕྱོགས་གཉིས་ཀྱིས་དང་ལེན་བྱས་ན། ཚད་ངེས་ཅན་ཞིག་གི་སྟེང་ནས་བྱེ་བྲག་གི་གནད་དོན་ལ་འབབ་ཐུབ་ཟེར།

ཨ་ལཱ་ཀི་ཆི་ཡིས་བསྟན་དོན། གྲོས་མོལ་གྱི་རྙོག་འཛིང་རང་བཞིན་དབང་གིས་སྐོར་ཐེངས་གཉིས་གསུམ་གྱི་གྲོས་མོལ་ལ་བརྟེན་ནས་ཐག་གཅོད་བྱེད་ཐབས་མེད། ཨ་མེ་རི་ཁས་དབྱི་ལིང་གི་ཕྱོགས་ཀྱི་ལངས་ཕྱོགས་ལ་རྒྱུས་ལོན་སྔར་ལས་བཟང་བོ་བྱུང་ཡོད་པར་དམིགས་ནས། ཁོས་གྲོས་མོལ་ཐེངས་རྗེས་མའི་ཁྲོད་ཐག་གཅོད་ཇུས་གཞི་གཏན་འབེབས་བྱེད་ཐུབ་པར་རེ་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།