ཧྥ་རན་སིའི་ཤར་ལྷོའི་ཕྱོགས་ཀྱི་མཚོ་འགྲམ་ཨ་ཨར་པུས་སི་ཞིང་ཆེན་སྲིད་གཞུང་གིས་ཚེས24ཉིན་བསྒྲགས་པ་ལྟར་ན། ཞིང་ཆེན་དེའི་ནུབ་ཕྱོགས་ས་ཁུལ་དུ་ཉིན་དེར་གཞི་རྒྱ་ཆེ་བའི་སྒོ་ནས་གློག་ཆད་པའི་གནད་དོན་བྱུང་བ་དང་། ཀཱ་ནཱ་སོགས་གྲོང་ཁྱེར་དུའང་གློག་ཆད་པ་རེད། མིག་སྔར་གློག་ཤུགས་མཁོ་འདོན་རིམ་བཞིན་སླར་གསོ་བྱུང་ཡོད་ཟེར།
གློག་ཆད་པའི་དོན་རྐྱེན་བྱུང་རྗེས། ད་ལྟ་སྤེལ་བཞིན་པའི་སྐབས་དོན་བརྒྱད་པའི་ཀཱ་ནཱ་གློག་བརྙན་དུས་ཆེན་གྱི་ཚོགས་ར་གཙོ་བོར་ཡང་ཡུན་ཐུང་ངུའི་རིང་གློག་ཆད། ཀཱ་ནཱ་གློག་བརྙན་དུས་ཆེན་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་བཤད་རྒྱུར། རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་མྱུར་མོར་སྒེར་ཚུགས་ཀྱི་གློག་དོན་མ་ལག་བཀོལ་སྤྱོད་བྱས་ཏེ། མཇུག་སྒྲིལ་མཛད་སྒོ་དང་བཅས་པའི་གློག་བརྙན་དུས་ཆེན་གྱི་བྱ་འགུལ་སྣ་ཚོགས་དང་གློག་བརྙན་སྟོན་པའི་བྱ་བ་དག་འཆར་གཞི་ལྟར་རྒྱུན་ལྡན་ངང་སྤེལ་ཡོད་ཟེར།
ཧྥ་རན་སིའི་གློག་དྲ་ཀུང་ཟི་ཡིས་བསྟན་དོན། ཚེས24ཉིན་གྱི་སྔ་དྲོའི་དུས་ཚོད10སྟེང་ནས་བཟུང་གློག་ཆད་པ་དང་། ཀཱ་ནཱ་གྲོང་ཁྱེར་དང་ཉེ་འཁོར་གྱི་ཁྱིམ་ཚང་འབུམ་གཅིག་དང་ཁྲི་དྲུག་ལྷག་ལ་གློག་ཆད། ཀཱ་ནཱ་མཁར་ཁུལ་གྱི་ཚོང་ཁང་དང་སྡོད་ཁང་། མེ་འཁོར་ས་ཚིགས་བཅས་སུ་གློག་ཆད་ཡོད་ཟེར།
ཧྥ་རན་སིའི་གློག་དྲ་ཀུང་ཟི་ཡིས་བཤད་རྒྱུར། གློག་འགྱུར་ཁང་ཞིག་ལ་ཚེས24ཉིན་གྱི་ཞོགས་པར་མེ་སྐྱོན་བྱུང་བ་ལས་གློག་འདོན་སྐུད་ལམ་ལ་གཏོར་བརླག་ཐེབས་པ་རེད། དེ་ལས་གཞན་ཉིན་དེའི་སྔ་དྲོའི་དུས་ཚོད10ཡས་མས་སུ། མཐོ་གནོན་གློག་སྐུད་ཀྱི་གློག་སྡོང་ཞིག་ལོག་ནས་གློག་ཆད་པ་རེད། ཧྥ་རན་སིའི་ཉེན་རྟོག་ཕྱོགས་ཀྱིས་གློག་ཆད་པའི་དོན་རྐྱེན་དེ་མིས་བསམ་བཞིན་དུ་གཏོར་བརླག་བཏང་མིན་ལ་རྟོག་ཞིབ་བྱེད་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།