ཟླ5བའི་ཚེས23ཉིན། ཧང་ག་རིའི་ཙུང་ལི་ཨིག་ཨར་པན་གྱིས་པུའུ་ཏཱ་ཕའེ་སི་ནས་འཚམས་འདྲིར་ཡོང་བའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁྲིན་ཝུན་ཆིན་ལ་ཐུག་འཕྲད་བྱས།
ཁྲིན་ཝུན་ཆིན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཧང་ག་རིའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་བྱུང་ཡོད་པ་དང་། ལོ་རྒྱུས་ཀྱི་ཆེས་བཟང་བའི་དུས་སྐབས་སུ་གནས་ཡོད་པས་འཕེལ་རྒྱས་མདུན་ལྗོངས་རྒྱ་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རི་ཡིས་སྒེར་ཚུགས་རང་བདག་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ལ། ཧང་ག་རིའི་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་བྱེད་པའི་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རི་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ལྟ་ཚུལ་གལ་ཆེན་དངོས་འབེབས་བྱེད་པ་དང་། ཆུ་ཚད་མཐོ་བའི་ཆབ་སྲིད་ཡིད་ཆེས་ཇེ་ཟབ་ཏུ་བཏང་སྟེ། དཔལ་འབྱོར་ཉོ་ཚོང་དང་ཁྲིམས་བསྟར་བདེ་འཇགས། ཁྲིམས་འཛིན་སོགས་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱི་ཚོང་གཉེར་ཁོར་ཡུག་དང་མི་སྣའི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པར་མ་ཟད། མུ་མཐུད་དུ་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དང་ཀྲུང་གོ་དང་ཡོ་རོབ་གླིང་ཤར་མའི་རྒྱལ་ཁབ་ཀྱི་མཉམ་ལས་ཐད་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།
ཨིག་ཨར་པན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་ནིང་ཟླ5བར་ཧང་ག་རི་ལ་ལོ་རྒྱུས་རང་བཞིན་ལྡན་པའི་འཚམས་འདྲི་མཛད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་རྨང་གཞི་བརྟན་པོ་བཏིང་ཡོད། ཧང་ག་རིའི་ཕྱོགས་ཀྱིས་དཔལ་འབྱོར་ཉོ་ཚོང་དང་ཁྲིམས་བསྟར་བདེ་འཇགས། སོགས་ཁྱབ་ཁོངས་སོ་སོ་ནས་ཀྲུང་གོའི་བར་མཉམ་ལས་ཟབ་མོ་བྱེད་རྒྱུ་ཡིན་པ་དང་། ཕྱོགས་གཉིས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་གང་ལེགས་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།
འཚམས་འདྲི་བྱེད་སྐབས་ཁྲིན་ཝུན་ཆི་ན་གྱིས་ད་རུང་སོ་སོར་ཧང་ག་རིའི་ནང་སྲིད་པུའུ་ཡི་པུའུ་ཀྲང་པེན་ཏའེ་ཨར་དང་ཙུང་ལིའི་གཞུང་སྒྲུབ་ཁང་གི་རྒྱལ་དོན་དྲུང་ཡིག་ཧྥུའུ་ཨར་ཁའོ་ཧྲི་བཅས་ལ་ཐུག་འཕྲད་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།