ཝུའུ་ཁི་ལན་ཉེན་རྟོག་ཕྱོགས་དང་མཁའ་དམག་གིས་ཚེས24ཉིན་བསྒྲགས་པ་ལྟར་ན། ཚེས23ཉིན་གྱི་ནམ་གུང་ནས་ཚེས24ཉིན་གྱི་ཞོགས་པའི་བར། ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་ལ་གཞི་རྒྱ་ཆེ་བའི་འཕུར་མདའ་དང་མི་མེད་གནམ་གྲུའི་འཇབ་རྒོལ་བྱས་པ་དང་། བར་སྣང་འཇབ་རྒོལ་བྱེད་ས་གཙོ་བོ་རྒྱལ་ས་ཅི་ཧྥུའུ་ཡིན་ལ། མིག་སྔར་གྲོང་ཁྱེར་དེའི་མི15ལ་རྨས་ཕོག་ཡོད་ཟེར།
ཝུའུ་ཁི་ལན་རྒྱལ་ཁབ་ཉེན་རྟོག་ཅུའུ་དང་ཝུའུ་ཁི་ལན་རྒྱལ་ཁབ་བྲེལ་མྱུར་གནས་ཚུལ་ཅུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། ཅི་ཧྥུའུ་གྲོང་ཁྱེར་གྱི་ཏིས་ཧྲི་པའོ་ལོ་ས་ཁུལ་དང་སོ་ལོ་མེན་སི་ཅི་ས་ཁུལ། ཨོ་པའོ་ལུང་ས་ཁུལ་བཅས་ཀྱི་སྡོད་ཁང་མང་བོ་དང་ཉོ་ཚོང་ལྟེ་གནས་མང་བོ་དང་། སློབ་གསོའི་ལས་ཁུངས་གཅིག་བཅས་ལ་ཐེངས་འདིའི་བར་སྣང་འཇབ་རྒོལ་ཁྲོད་གཏོར་བརླག་ཐེབས་པ་དང་། གྲོང་ཁྱེར་ཡོངས་སུ་མི15ལ་བར་སྣང་འཇབ་རྒོལ་ཁྲོད་རྨས་ཕོག་ཡོད། ཅི་ཧྥུའུ་མངའ་སྡེའི་མི་སྒེར་གྱི་སྡོད་ཁང་ཞིག་ལ་མི་མེད་གནམ་གྲུའི་ཆག་རོ་ཕོག་ནས་མི་གཉིས་ལ་རྨས་ཕོག་ཡོད་ཟེར།
ཨོ་ཏི་སཱ་མངའ་སྡེའི་དམག་དོན་སྲིད་འཛིན་དཔོན་པོ་ཅི་ཕའེ་ཨར་གྱིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཨུ་རུ་སིའི་དམག་དཔུང་གིས་ཚེས23ཉིན་ཨོ་ཏི་སཱ་གྲུ་ཁའི་སྒྲིག་ཆས་ལ་འཕུར་མདའི་འཇབ་རྒོལ་བྱས་ནས། ཉུང་མཐར་ཡང་མི3རྐྱེན་ལམ་དུ་ཤོར་བ་དང་། མི6ལ་རྨས་ཕོག་ཡོད་ཟེར།
ཝུའུ་ཁི་ལན་གྱི་མཁའ་དམག་གིས་ཚེས24ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཚེས23ཉིན་གྱི་དགོང་མོ་ནས་ཚེས24ཉིན་གྱི་ཞོགས་པའི་བར། ཨུ་རུ་སིའི་དམག་དཔུང་གིས་ལོ་སི་ཐའོ་ཧྥུའུ་མངའ་སྡེ་དང་ཁི་ལཱ་སི་ནོའུ་ཏཱ་ཨར་མཐའ་མཚམས་ས་ཁུལ། པུའུ་ལིང་སི་ཁི་མངའ་སྡེ། ཁི་ལི་མུས་ཡཱ་སོགས་ས་ཁུལ་ནས་ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་དབྱེ་སི་ཁན་ཏི་ཨར་འཕུར་མདའ14གཏོང་འཕེན་བྱས། དེ་ལས་གཞན་ཨུ་རུ་སིའི་དམག་དཔུང་གིས་ད་རུང་པུའུ་ལིང་སི་ཁི་མངའ་སྡེ་དང་ཁུའུ་ཨར་སི་ཁི་མངའ་སྡེ། ཨོ་ལེའོ་ཨར་མངའ་སྡེ་སོགས་ནས་ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་མི་མེད་གནམ་གྲུ250བཏང་ཡོད། ཚེས24ཉིན་གྱི་སྔ་དྲོའི་བར། ཝུའུ་ཁི་ལན་གྱི་མངའ་ཁོངས་མེ་ཤུགས་ཀྱིས་ཅི་ཧྥུའུ་གྲོང་ཁྱེར་གྱི་མཁའ་ཁོངས་ནས་བསྡོམས་པས་དབྱི་སི་ཁན་ཏི་ཨར་འཕུར་མདའ6བཀག་འགོག་བྱས་པ་དང་། དེ་ལས་གཞན་ཝུའུ་ཁི་ལན་གྱི་ས་ཁུལ་སོ་སོ་དང་ཅི་ཧྥུའུ་ཉེ་འཁོར་གྱི་མཁའ་ཁོངས་ནས་མི་མེད་གནམ་གྲུ128བཀག་འགོག་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།