ནོའུ་ཨོ་ཡཱ་ཡིས་དམ་བཅའ་བཞག་སྟེ་ཨེ་ཀྭ་ཏོར་གྱི་སྲིད་འཛིན་གྱི་འགན་ཁུར།
2025.05.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨེ་ཀྭ་ཏོར་གྱི་གསར་དུ་བདམས་པའི་སྲིད་འཛིན་ནོའུ་ཨོ་ཡཱ་ཡིས་ཚེས24ཉིན་རྒྱལ་ཁབ་དེའི་རྒྱལ་ས་ཅི་ཏའོ་ནས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། འགན་ཡུན2029ལོའི་ཟླ5བའི་བར་རེད།

ནོའུ་ཨོ་ཡཱ་ཡིས་ཉིན་དེར་རྒྱལ་དམངས་གྲོས་ཁང་ནས་བསྡུས་པའི་ལས་འགན་ཁུར་བའི་མཛད་སྒོའི་སྟེང་བཤད་རྒྱུར། སྲིད་གཞུང་གསར་བས་དཔལ་འབྱོར་ཉོ་ཚོང་དང་སློབ་གསོ། བདེ་འཇགས། སྤྱི་བའི་བཟོ་སྐྲུན། ནུས་ཁུངས་སོགས་གྲོས་གཞི་དག་སྲིད་འཛིན་གྱི་གཙོ་གནད་དུ་བཟུང་ཡོད་ལ། དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་འཕར་སྣོན་དང་ལས་ཞུགས། དངུལ་གཏོང་བཅས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། ཨེ་ཀྭ་ཏོར་རྒྱལ་ནང་གི་ཛ་དྲག་ཆེ་བའི་བདེ་འཇགས་གནས་བབ་ཐད་ནས་ནོའུ་ཨོ་ཡཱ་ཡིས་བསྟན་དོན། ནག་ཉེས་ལ་ཆམ་ཕབ་གཏོང་བའི་བྱ་སྤྱོད་མཚམས་འཇོག་མི་སྲིད་ཟེར།

ཨེ་ཀྭ་ཏོར་ཕྱི་འབྲེལ་པུའུ་ཡི་སྤྱི་སྒྲོག་ཅིག་ལས་བཤད་རྒྱུར། ཁོ་ལོམ་པུ་ཡཱའི་སྲིད་འཛིན་ཕའེ་ཐི་ལོ་དང་ཕེ་རུའི་སྲིད་འཛིན་པའོ་ལུའུ་ཨ་ཨར་ཐི་སོགས་འདུས་པའི་རྒྱལ་སྤྱིའི་འཐུས་ཚབ་ཚོགས་པ93གྱི་དཔོན་རིགས200ལྷག་ལས་འགན་ཁུར་བའི་མཛད་སྒོར་ཞུགས་ཟེར།

ནོའུ་ཨོ་ཡཱ་ལ2023ལོའི་ཟླ10བར་སྤེལ་བའི་འདེམ་བསྐོའི་ཆེན་མོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་སྐབས་སུ་རྒྱལ་ཁ་ཐོབ་ནས་སྲིད་འཛིན་དུ་བདམས་པ་ཡིན་ལ། འགན་ཡུན2025ལོའི་ཟླ5བའི་བར་རེད། ད་ལོའི་ཟླ4བའི་ཚེས13ཉིན་སྤེལ་བའི་སྲིད་འཛིན་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་སྐབས་ནོའུ་ཨོ་ཡཱ་སྤྱི་དམངས་གསར་བརྗེའི་ཏང་གི་སྲིད་འཛིན་འདེམ་སྒུག་པ་ལུའུ་དབྱེ་ཧྲ་ཀང་སཱ་ལོས་སི་ལས་རྣམ་པར་རྒྱལ་ནས་ཡང་བསྐྱར་སྲིད་འཛིན་དུ་བདམས་ཐོན་བྱུང་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།