སི་རི་ཡཱའི་སྲིད་དབང་གིས་ཚེས25ཉིན་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་སྲིད་དབང་གི་འགོ་ཁྲིད་པ་ཧྲ་ལཱ་ཡིས་ཚེས24ཉིན་ཐུར་ཁེའི་དབྱི་སི་ཐན་པོར་ནས་ཨ་མེ་རི་ཁའི་སི་རི་ཡཱའི་གནད་དོན་གྱི་ཆེད་མངག་ཕོ་ཉ་པཱ་ལཱ་ཁི་དང་གྲོས་མོལ་བྱས་ཏེ། ཨ་མེ་རི་ཁས་སི་རི་ཡཱའི་བཀག་སྡོམ་མེད་པར་གཏོང་བ་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས།
ཧྲ་ལཱ་ཡིས་གྲོས་མོལ་བྱེད་སྐབས་བཤད་རྒྱུར། བཀག་སྡོམ་ལས་སི་རི་ཡཱའི་མི་དམངས་ཀྱི་ཁུར་བོ་ཇེ་ལྗིད་དུ་བཏང་ཡོད་པ་དང་། སི་རི་ཡཱའི་དཔལ་འབྱོར་སླར་གསོ་བྱེད་པར་བཀག་རྒྱ་ཆེན་པོ་ཐེབས་ཡོད་ཟེར། པཱ་ལཱ་ཁི་ཡིས་བསྟན་དོན། ཨ་མེ་རི་ཁའི་སྲིད་གཞུང་གིས་སི་རི་ཡཱའི་བཀག་སྡོམ་མེད་པར་གཏོང་མགོ་བརྩམས་ཡོད་པ་དང་། འཕེལ་རིམ་དེ་རྒྱུན་མཐུད་ངང་ལག་བསྟར་བྱས་ཏེ་བཀག་སྡོམ་བྱེད་ཐབས་ཕྱོགས་ཡོངས་ནས་མེད་པར་གཏོང་རྒྱུ་ཡིན་ཟེར།
ཕྱོགས་གཉིས་ཀྱིས་ཕྱི་རྒྱལ་གྱིས་སི་རི་ཡཱ་རུ་དངུལ་གཏོང་བྱེད་པ་དང་། ཁྱད་པར་དུ་ནུས་ཁུངས་དང་རྨང་གཞིའི་སྒྲིག་ཆས་ཁྱབ་ཁོངས་ཀྱི་དངུལ་གཏོང་ལ་རྒྱབ་སྒྲོག་བྱེད་པར་གྲོས་བསྡུར་བྱས། སི་རི་ཡཱ་ཕྱོགས་ཀྱིས་དགོས་ངེས་ཀྱི་སྟབས་བདེ་འདོན་སྤྲོད་བྱས་ནས་དངུལ་གཏོང་མཁན་གྱི་བློ་ཁ་འགུག་འདོད་ཡོད་པའི་ཚུལ་བསྟན་པར་མ་ཟད། བདེ་འཇགས་དང་གཏན་འཇགས་ཀྱི་དངུལ་གཏོང་ཁོར་ཡུག་འདོན་སྤྲོད་བྱེད་རྒྱུ་ཁས་ལེན་བྱས།
སི་རི་ཡཱའི་ཁུའུ་ཨར་ཏི་མིའི་གནད་དོན་ཐད་ནས་ཕྱོགས་གཉིས་ཀྱིས་སི་རི་ཡཱའི་སྲིད་དབང་དང་སི་རི་ཡཱའི་དམངས་གཙོ་སྟོབས་ཤུགས་བར་གྱི་གྲོས་མཐུན་དངོས་འབེབས་བྱས་ཏེ། སི་རི་ཡཱའི་སྲིད་དབང་གིས་སི་རི་ཡཱའི་མངའ་ཁོངས་ཧྲིལ་བོར་བདག་དབང་ལག་བསྟར་བྱེད་པར་ཁག་ཐེག་བྱེད་རྒྱུ་ཡིན་པ་དང་། ཞོར་དུ་སི་རི་ཡཱའི་དམངས་གཙོ་སྟོབས་ཤུགས་དེ་རྒྱལ་ཁབ་ལས་ཁུངས་ནང་ལེགས་སྒྲིག་བྱེད་པའི་རྐྱེན་སྲོལ་འཚོལ་ཞིབ་བྱེད་རྒྱུ་ཡིན་ཟེར།
དེ་ལས་གཞན་ཕྱོགས་གཉིས་ཀྱིས་ད་རུང་སི་རི་ཡཱ་དང་དབྱི་སི་རལ་གྱིས1974ལོར་བཀོད་པའི་དམག་དཔུང་གི་འབྲེལ་འདྲིས་མེད་པར་གཏོང་བའི་གྲོས་མཐུན་ལག་བསྟར་བྱས་ཏེ་སི་རི་ཡཱའི་ལྷོ་ཕྱོགས་ས་ཁུལ་གྱི་གཏན་འཇགས་ལ་ཁག་ཐེག་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།