ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་བཟུང་དམག་སྟོང་ཕྲག་བརྗེ་སྤོར་བྱེད་པའི་འཆར་གཞི་ཡོངས་འགྲུབ་བྱས།
2025.05.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས25ཉིན་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཉིན་དེར་སོ་སོར་བཟུང་དམག303བརྗེ་སྤོར་བྱས་པ་དང་། ཉིན་དེར་ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅི་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཚེས25ཉིན་བཟུང་དམག་སྟོང་ཕྲག་བརྗེ་སྤོར་བྱེད་པའི་འགུལ་སྐྱོད་ཀྱི་དུས་རིམ་གསུམ་པའི་མི་སྣ་བརྗེ་སྤོར་བྱས་པ་དང་། ད་ལྟའི་བར་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་བཟུང་དམག་སྟོང་ཕྲག་བརྗེ་སྤོར་བྱེད་པའི་འཆར་གཞི་ཡོངས་འགྲུབ་བྱས་ཡོད་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་སྤྱི་སྒྲོག་ལྟར་ན། ཨུ་རུ་སིའི་བཟུང་དམག303ཉིན་དེར་ཝུའུ་ཁི་ལན་དང་བྲལ་ཡོད་པ་དང་། དེའི་བརྗེ་སྤོར་གྱི་ཆ་རྐྱེན་དུ་ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་ཕྱོགས་ལ་བཟུང་དམག303སྤྲད་ཡོད། མིག་སྔར་བརྗེ་སྤོར་བྱས་པའི་ཨུ་རུ་སིའི་བཟུང་དམག་ཨུ་རུ་སི་དཀར་པོའི་མངའ་ཁོངས་སུ་ཡོད་པ་དང་། དགོས་ངེས་ཀྱི་སེམས་ཁམས་དང་སྨན་བཅོས་རོགས་སྐྱོར་དང་ལེན་བྱེད་བཞིན་ཡོད་ཟེར།

ཝུའུ་ཁི་ལན་གྱི་བཟུང་ཐོབ་ཐང་མཐུན་སྦྱོར་སྤྱི་ཁྱབ་པུའུ་ཡི་དྲ་ཚིགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། དུས་ཡུན་ཉིན་གསུམ་ཡིན་པའི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་བཟུང་དམག་སྟོང་ཕྲག་གི་བརྗེ་སྤོར་འཆར་གཞི་ཡོངས་འགྲུབ་བྱས་པ་དང་། དེ་ནི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། ཕྱོགས་གཉིས་ཀྱིས་ཐེངས་རེ་ལྔ་བར་བཟུང་དམག་བརྗེ་སྤོར་བྱས་པ་ཡིན་ལ། ད་ལྟའི་བར་ཝུའུ་ཁི་ལན་གྱི་མི་སྣ་སྟོང་ལྔ་དང་བདུན་བརྒྱ་ང་བདུན་ཕྱིར་བཏང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།