ཝུའུ་ཙི་པེ་ཁི་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་སེ་དབྱེ་ཏའོ་ཧྥུའུ་དང་ཕཱ་ཁི་སི་ཐན་གྱི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་བློན་ཆེན་ཏཱ་ཨར་གཉིས་ཀྱིས་ཚེས25ཉིན་ཁ་པར་བརྒྱུད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཝུའུ་ཙི་པེ་ཁི་སི་ཐན་དང་ཨ་ཧྥུའུ་ཧན། ཕཱ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་ལས་གཞིར་གྲོས་བསྡུར་བྱས།
སེ་དབྱེ་ཏའོ་ཧྥུའུ་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཁོས་ཉིན་དེར་ཏཱ་ཨར་དང་ཁ་པར་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་པུའུ་ཡིས་མུ་མཐུད་དུ་མཉམ་ལས་ཟབ་མོ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བཀོད་པའི་གྲོས་མཐུན་སྣ་ཚོགས་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་རྒྱུ་ནན་བཤད་བྱས། ཕྱོགས་གཉིས་ཀྱིས་ད་རུང་ཕན་ཚུན་བར་གྱི་འབྲེལ་བར་ཤུགས་སྣོན་པ་དང་། ཉོ་ཚོང་རྒྱ་བསྐྱེད་པ། ས་ཁོངས་ཀྱི་གཅིག་འབྲེལ་གཅིག་བརྟེན་ལ་སྐུལ་འདེད་གཏོང་བ་སོགས་གྲོས་གཞིའི་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། དེའི་ནང་ཝུའུ་ཙི་པེ་ཁི་སི་ཐན་དང་ཨ་ཧྥུའུ་ཧན། ཕཱ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་ལས་གཞི་འདུས་ཡོད་ཟེར།
ཕཱ་ཁི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཡིས་དྲ་ཚིགས་བརྒྱུད་དེ་བསྟན་དོན། ཏཱ་ཨར་དང་སེ་དབྱེ་ཏའོ་ཧྥུའུ་གཉིས་ཀྱིས་ཁ་པར་ལས་གྲོས་མོལ་བྱེད་སྐབས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་། ཁྱད་པར་དུ་ཝུའུ་ཙི་པེ་ཁི་སི་ཐན་དང་ཨ་ཧྥུའུ་ཧན། ཕཱ་ཁི་སི་ཐན་བཅས་རྒྱལ་ཁབ་གསུམ་གྱི་ལྕགས་ལམ་ལས་གཞིར་གྲོས་བསྡུར་བྱས་ཟེར། ཕྱོགས་གཉིས་ཀྱིས་ས་ཁོངས་ཀྱི་གཅིག་འབྲེལ་གཅིག་བརྟེན་གྱི་ལས་གཞིའི་སྒྲོམ་གཞིའི་གྲོས་མཐུན་མྱུར་ཡོང་ཡོངས་འགྲུབ་བྱེད་པར་རེ་བཞིན་ཡོད་པའི་ཚུལ་བསྟན། དེ་ལས་གཞན་ཕྱོགས་གཉིས་ཀྱིས་ད་རུང་མིག་སྔའི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།