མར་ཐཱའི་ཙུང་ལི་ཨ་པེ་ལཱ་ཡིས་ཚེས25ཉིན་རྒྱལ་ཁབ་དེའི་བྱང་ངོས་ཀྱི་མའོ་སི་ཐཱ་གྲོང་ཁྱེར་ནས་བསྡུས་པའི་བྱ་འགུལ་ཅིག་གི་སྟེང་གཏམ་བཤད་སྤེལ་སྐབས་བསྟན་དོན། མར་ཐཱ་ཡིས་ཕཱ་ལེ་སི་ཐན་རྒྱལ་ཁབ་དངོས་སུ་ཁས་ལེན་བྱས་ཡོད་ཟེར།
ཨ་པེ་ལཱ་ཡིས་བཤད་རྒྱུར། མར་ཐར་སྲིད་གཞུང་གིས་ཟླ་དྲུག་པར་བསྡུ་འཆར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཚོགས་སྟེང་དངོས་སུ་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱེད་རྩིས་ཡོད་ཟེར། ཁོས་གཏམ་བཤད་སྤེལ་སྐབས་ད་རུང་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ནས་མི་སེར་དཀྱུས་མར་ཤི་རྨས་བཟོས་པའི་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་།
ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཟླ4བར་ཧྥ་རན་སིའི་བརྙན་འཕྲིན་འཕྲིན་ལམ་ལྔ་བ་ནས་བཏང་བའི་བཅར་འདྲིའི་ལེ་ཚན་ཅིག་ནས་བཤད་རྒྱུར། ཧྥ་རན་སི་དང་སོ་ཏི་ཨ་རབ་ཀྱིས་ཟླ6པར་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་སྐུལ་འདེད་གཏོང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཚོགས་གཙོ་སྒྲུབ་བྱེད་རྩིས་ཡོད་པ་དང་། སྐབས་དེ་དུས་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱེད་ངེས་ཡིན་ཟེར། དེའི་སྔོན་ནོར་ཝེ་དང་སི་ཕན། ཨིར་ལན་བཅས་རྒྱལ་ཁབ་གསུམ་གྱི་སྲིད་གཞུང་གིས་ན་ནིང་ཟླ5བར་སོ་སོར་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱེད་པ་ཁྱབ་བསྒྲགས་བྱས་པར་མ་ཟད། ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱས་མེད་པའི་རྒྱལ་ཁབ་དག་གིས་འགན་འཁྲི་ཁུར་དུ་བླངས་ནས། ཕཱ་ལེ་སི་ཐན་མི་དམངས་ཀྱི་རང་ཐག་གཅོད་པའི་དབང་ཆ་ཁས་ལེན་བྱས་ནས་དབུས་ཤར་གྱི་ཞི་བདེ་དང་འགྲིག་མཐུན་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།