ཝུའུ་ཁི་ལན་དཔོན་ཕྱོགས་ཀྱིས་ཚེས25ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཚེས24ཉིན་གྱི་དགོང་མོ་ནས་ཚེས25ཉིན་གྱི་ཞོགས་པའི་བར། ཨུ་རུ་སིའི་དམག་དཔུང་གིས་འཕུར་མདའ་དང་མི་མེད་གནམ་གྲུ་བཀོལ་ནས་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་སོགས་གྲོང་ཁྱེར་དང་གྲོང་སྡེ་སུམ་ཅུ་ལྷག་ལ་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི12རྐྱེན་ལམ་དུ་ཤོར་ཟེར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས25ཉིན་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཚེས24ཉིན་གྱི་དགོང་མོ་ནས་ཚེས25ཉིན་གྱི་ཞོགས་པའི་བར། ཨུ་རུ་སིའི་ས་ཁུལ་མང་བོ་ནས་བསྡོམས་པས་ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུ200སར་འཕངས་ཡོད་ཟེར།
ཝུའུ་ཁི་ལན་གྱི་མཁའ་དམག་གིས་ཚེས25ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཚེས24ཉིན་གྱི་དགོང་མོ་ནས་ཚེས25ཉིན་གྱི་ཞོགས་པའི་བར། ཨུ་རུ་སིའི་དམག་དཔུང་གིས་ཁུའུ་ཨར་སི་ཁི་མངའ་སྡེ་སོགས་ནས་ཝུའུ་ཁི་ལན་གྱི་མངའ་ཁོངས་སུ་འཕུར་མདའ69དང་མི་མེད་གནམ་གྲུ298གཏོང་འཕེན་བྱས་པ་དང་། ཚེས25ཉིན་གྱི་སྔ་དྲོའི་དུས་ཚོད9བར། ཝུའུ་ཁི་ལན་གྱི་མཁའ་སྲུང་མེ་ཤུགས་དང་གློག་རྡུལ་འཐབ་འཁྲུག་སྒྲིག་ཆས་ཀྱིས་འཕུར་མདའ45དང་མི་མེད་གནམ་གྲུ266བཀག་འགོག་བྱས་ཡོད་ཟེར།
ཝུའུ་ཁི་ལན་རྒྱལ་ཁབ་བྲེལ་མྱུར་གནས་ཚུལ་ཅུའུ་དང་རྒྱལ་ཁབ་ཉེན་རྟོག་ཅུའུ། ས་གནས་སྲིད་གཞུང་བཅས་ཀྱིས་ཚེས25ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཐེངས་འདིའི་བར་སྣང་འཇབ་རྒོལ་ལས་ཅི་ཧྥུའུ་མངའ་སྡེ་སོགས་ནས་མི12རྐྱེན་ལམ་དུ་ཤོར་བ་དང་། མི59ལ་རྨས་ཕོག་ཡོད། དེ་ལས་གཞན་ཨོ་ཏི་སཱ་མངའ་སྡེ་དང་སུའུ་མཱེ་མངའ་སྡེ་སོགས་ལའང་བར་སྣང་འཇབ་རྒོལ་ཐེབས་ཡོད་པས། ཤི་རྨས་ཐེབས་པའི་མི་གྲངས་རྩིས་ལེན་བྱེད་པའི་སྒང་ཡིན་ཟེར།
ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས25ཉིན་སྤྱི་སྒྲོག་སྤེལ་ཏེ། ཉིན་དེའི་ཞོགས་པའི་དུས་ཚོད7བར། ཨུ་རུ་སིའི་མཁའ་སྲུང་དམག་དཔུང་གིས་ཨུ་རུ་སིའི་བར་སྣང་ནས་བསྡོམས་པས་ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུ110སར་འཕངས་པ་དང་། དེའི་ནང་མའོ་སི་ཁོ་མངའ་སྡེ་དང་ཐི་ཝེ་ཨར་མངའ་སྡེའི་བར་སྣང་ནས་སོ་སོར་མི་མེད་གནམ་གྲུ13སར་འཕངས་ཡོད། དེ་ལས་གཞན་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས25ཉིན་གྱི་ཞོགས་པར་སྤེལ་བའི་སྤྱི་སྒྲོག་ཅིག་ལས་བཤད་རྒྱུར། ཚེས24ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་ནས་ཚེས25ཉིན་གྱི་ཞོགས་པའི་བར། ཨུ་རུ་སིའི་ས་ཁུལ་མང་བོ་ནས་བསྡོམས་པས་ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུ95སར་འཕངས་ཡོད་ལ། དེའི་ནང་མི་མེད་གནམ་གྲུ་གཉིས་མའོ་སི་ཁོ་མངའ་སྡེའི་བར་སྣང་ནས་སར་འཕངས་པ་ཡིན་པ་དང་། མི་མེད་གནམ་གྲུའི་འཇབ་རྒོལ་ལས་མི་སྣར་ཤི་རྨས་བཟོས་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།