ཝུ་ཀན་ཏཱའི་དམག་ཕྱོགས་ཀྱིས་ཉེ་སྔོན་ཝུ་ཀན་ཏཱ་རུ་སྡོད་པའི་འཇར་མན་གྱི་གཞུང་ཚབ་ཆེན་མོས་ཝུ་ཀན་ཏཱ་ནས་ཟང་ཟིང་བྱ་འགུལ་སྤེལ་བར་དོགས་གཞི་ཡོད་པའི་དབང་གིས་འཇར་མན་བར་གྱི་དམག་དོན་མཉམ་ལས་མཚམས་འཇོག་རྒྱུ་ཐག་བཅད་པར་དམིགས་ནས། འཇར་མན་གྱི་ཕྱི་འབྲེལ་པུའུ་ཡིས་ཚེས26ཉིན་བཤད་རྒྱུར། འཇར་མན་དང་ཝུ་ཀན་ཏཱའི་བར་དངོས་གཞིའི་དམག་དོན་མཉམ་ལས་མེད་ཟེར།
འཇར་མན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཁཱ་ཐི་ལིན་ཏི་ཧྲའོ་ཨར་གྱིས་ཉིན་དེར་སྨྱན་བྱད་ཀྱི་དྲི་བར་ལན་འདེབས་སྐབས་བསྟན་དོན། ཝུ་ཀན་ཏཱ་ཕྱོགས་ཀྱི་འབྲེལ་ཡོད་སྐྱོན་འཛུགས་དེ་ལུགས་མཐུན་མིན་ལ་གཞི་འཛིན་ས་ཅི་ཡང་མེད་པས། འཇར་མན་ཕྱོགས་ཀྱིས་དེར་རྒོལ་གཏམ་དྲག་པོ་བཏང་བ་ཡིན། རྒྱལ་ཁབ་གཉིས་བར་དངོས་གཞིའི་དམག་དོན་མཉམ་ལས་མེད་པའི་དབང་གིས་མཉམ་ལས་མཚམས་འཇོག་པའི་བཤད་སྲོལ་མེད་ཟེར།
ཏི་ཧྲའོ་ཨར་གྱིས་ད་རུང་བསྟན་དོན། ཁོ་མོས་འབྲེལ་ཡོད་ཀྱི་གནས་ཚུལ་གསལ་བོར་མི་ཤེས་པས། ཝུ་ཀན་ཏཱ་ཕྱོགས་ཀྱིས་ཅི་ཞིག་ལ་སྐྱོན་འཛུགས་དེ་འདྲ་བྱས་པར་འགྲེལ་བརྗོད་བྱེད་ཐབས་མེད་ཟེར།
ཝུ་ཀན་ཏཱའི་དམག་ཕྱོགས་ཀྱི་མགྲིན་ཚབ་པ་ཁི་ལི་སི་མཱ་ཀའེ་ཆི་ཡིས་ཚེས25ཉིན་གསལ་སྒྲོག་ཅིག་ལས་བཤད་རྒྱུར། གསང་འཕྲིན་ལས་མངོན་པ་ལྟར་ན། ཝུ་ཀན་ཏཱ་རུ་སྡོད་པའི་འཇར་མན་གྱི་གཞུང་ཚབ་ཆེན་མོ་མཱ་ཏིས་ཡཱ་སི་ཧྲའོ་ཨར་གྱིས་ཝུ་ཀན་ཏཱ་ནས་ཟང་ཟིང་བྱ་འགུལ་སྤེལ་བའི་དོགས་གཞི་ཡོད་ཅིང་། ཁོའི་བྱ་སྤྱོད་དེས་ཝུ་ཀན་ཏཱ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གཏོར་བརླག་བཏང་ཡོད་པས། ཝུ་ཀན་ཏཱ་ཕྱོགས་ཀྱིས་འཇར་མན་བར་གྱི་འགོག་སྲུང་དང་དམག་དོན་མཉམ་ལས་ཚང་མ་མཚམས་འཇོག་རྒྱུ་ཐག་བཅད་པ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།