ཅོར་ཏན་དང་ནོར་ཝེ་ཡིས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་རྒྱབ་སྐྱོར་བྱེད་པ་བསྐྱར་སྒྲོག་བྱས།
2025.05.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཅོར་ཏན་གྱི་དབུ་བཞུགས་བློན་ཆེན་གཞོན་པའམ་ཕྱི་འབྲེལ་བློན་ཆེན་སཱ་ཧྥ་ཏིས་ཀྱིས་ཚེས26ཉིན་འཚམས་འདྲིར་ཡོང་བའི་ནོར་ཝེའི་ཕྱི་འབྲེལ་བློན་ཆེན་ཨེ་ཏི་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་ངེས་པར་དུ་ཅཱ་ཧྲ་ས་ཁུལ་ནས་དུས་ཡུན་རིང་བོའི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པ་ནན་བཤད་བྱས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དེ་ས་ཁུལ་གྱི་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པའི་རྨང་གཞིར་བྱེད་པར་རྒྱབ་སྐྱོར་བྱེད་པ་བསྐྱར་སྒྲོག་བྱས།

ཅོར་ཏན་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཕྱོགས་གཉིས་ཀྱིས་ངེས་པར་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་དག་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བའི་བཀག་རྒྱ་ཡོད་ཚད་མེད་པར་གཏོང་བ་དང་། བཙན་འཛུལ་དབང་གིས་བཟོས་པའི་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་དེ་མཇུག་སྒྲིལ་དགོས་པ་ནན་བཤད་བྱས་པར་མ་ཟད། མཉམ་དུ་འབད་བརྩོན་བྱས་ཏེ། དྲང་བདེན་དང་ཕྱོགས་ཡོངས་ཞི་བདེ་མངོན་འགྱུར་བྱེད་པར་ཕན་པའི་ཐབས་ལམ་ཞིག་གསར་འབྱེད་བྱས་ནས་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་འགན་སྲུང་བྱེད་དགོས་པའི་ཚུལ་བསྟན།

སཱ་ཧྥ་ཏིས་ཀྱིས་ནན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་གཞིར་བཟུང་ཞིང་། 1967ལོའི་རྒྱལ་མཚམས་རྨང་གཞིར་བྱེད་པ་དང་ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱེད་པ། བདག་དབང་ཆ་ཚང་ཡོད་པའི་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་བཙུགས་ན། ད་གཟོད་ས་ཁུལ་གྱི་དྲང་བདེན་དང་ཕྱོགས་ཡོངས་ཞི་བདེ། བདེ་འཇགས་དང་གཏན་འཇགས་བཅས་མངོན་འགྱུར་བྱེད་ཐུབ། ཅོར་ཏན་དང་ནོར་ཝེ་རྒྱལ་ཁབ་གཉིས་དང་མཉམ་ལས་གྲོགས་པོ་གཞན་པས་མཐུན་སྦྱོར་གང་ལེགས་བྱས་ཏེ། ཟླ་རྗེས་མར་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དངོས་འབེབས་བྱེད་པའི་མཐོ་རིམ་གྲོས་ཚོགས་བསྡུ་བའི་ཐད་ནས་ཤུགས་རྐྱེན་ཆེ་ལ་ཕན་ནུས་ལྡན་པའི་གྲུབ་འབྲས་དངོས་ཐོབ་པར་འགན་སྲུང་བྱེད་རྒྱུ་ཡིན་ཟེར།

ཨེ་ཏི་ཡིས་བསྟན་དོན། ནོར་ཝེ་ཡིས་ན་ནིང་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱས་ཡོད་པ་དང་། ཡོ་རོབ་གླིང་གི་རྒྱལ་ཁབ་གཞན་པས་ཀྱང་ཕཱ་ལེ་སི་ཐན་རྒྱལ་ཁབ་ཁས་ལེན་བྱེད་པར་སྐུལ་མ་གཏོང་བཞིན་ཡོད། ནོར་ཝེ་ཡིས་ཅོར་ཏན་དང་གྲོགས་པོ་གཞན་པ་དག་དང་མཉམ་དུ་འབད་བརྩོན་བྱས་ནས། ཕཱ་ལེ་སི་ཐན་གནད་དོན་དེ་དྲང་བདེན་ངང་ཐག་གཅོད་བྱེད་པའི་ཇུས་གཞི་འཚོལ་ཞིབ་བྱེད་རྒྱུ་ཡིན། ཕཱ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པའི་ཆེས་བཟང་བའི་ཐབས་ལམ་ཉག་ཅིག་ནི་ཕཱ་ལེ་སི་ཐན་གྱི་མིར་ཁེ་དབང་ཆེན་པོ་ཐོབ་པར་བྱེད་པ་དང་སྒེར་ཚུགས་ཀྱི་རྒྱལ་ཁབ་འཛུགས་རྒྱུ་དེ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།