མའོ་ལོ་ཀིའི་ཉེན་རྟོག་ཕྱོགས་ཀྱིས་སོ་མཱ་ར་ཛའི་དུག་རྫས་ཐོན་རྫས་ཏུན་བཞི་ཙམ་རྩད་ཆོད།
2025.05.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མའོ་ལོ་ཀིའི་ཉེན་རྟོག་ཕྱོགས་ཀྱིས་ཚེས26ཉིན་གསལ་སྒྲོག་སྤེལ་ཏེ། ཉེན་རྟོག་ཕྱོགས་ཀྱིས་ཚེས25ཉིན་རྒྱལ་ཁབ་དེའི་དབུས་ཕྱོགས་ཀྱི་ཝ་ཏིས་ཙེ་མུའུ་གྲོང་ཁྱེར་ནས་སོ་མཱ་ར་ཛའི་དུག་རྫས་ཐོན་རྫས་ཏུན་གསུམ་དང་གྲངས་ཆུང་བརྒྱད་ལྔ་རྩད་ཆོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། མའོ་ལོ་ཀིའི་བདེ་འཇགས་སྡེ་ཁག་གི་གཞོགས་འདེགས་འོག ཉེན་རྟོག་ཕྱོགས་ཀྱིས་རླངས་འཁོར་གཉིས་ཀྱི་སྟེང་ནས་དུག་རྫས་དེ་དག་རྩད་ཆོད་པ་དང་། དོགས་ཡོད་ཉེས་ཅན་བཞི་འཛིན་བཟུང་བྱས། དུག་རྫས་ལྐོག་འཚོང་མཁན་དེ་དག་རྒྱལ་སྤྱིའི་དུག་རྫས་ལྐོག་འཚོང་ལ་འབྲེལ་བ་ཡོད་སྲིད་པ་དང་། གྱོད་དོན་དེར་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།

མའོ་ལོ་ཀི་ཨ་ཧྥེ་རི་ཁ་གླིང་གི་ནུབ་བྱང་ཕྱོགས་སུ་གནས་པ་དང་། ས་དཀྱིལ་མཚོ་ཁོངས་དང་ནུབ་ཀྱི་རྒྱ་མཚོ་ཆེན་མོ། ཡོ་རོབ་གླིང་དང་ཨ་ཧྥེ་རི་ཁ་གླིང་བཅས་གཅིག་ཏུ་སྦྲེལ་བའི་བཞི་མདོ་ལྟ་བུ་ཞིག་ཡིན། རྒྱལ་ཁབ་དེའི་བྱང་ཕྱོགས་ས་ཁུལ་དུ་ཁྲིམས་འགལ་གྱིས་སོ་མཱ་ར་ཛ་འདེབས་འཛུགས་བྱེད་པའི་གནས་ཚུལ་ཚབས་ཆེན་ཡིན།

ཉེ་བའི་ལོ་འགའི་རིང་ལ། མའོ་ལོ་ཀི་ཡིས་དུག་འགོག་ཤུགས་ཚད་ཇེ་ཆེར་བཏང་བ་དང་། 2024ལོར་མའོ་ལོ་ཀིའི་བདེ་འཇགས་སྡེ་ཁག་གིས་དུག་རྫས་ལྐོག་འཚོང་དང་འབྲེལ་བའི་གྱོད་དོན་ཁྲི་དགུ་དང་སྟོང་གཉིས་ཙམ་ཐོ་འགོད་བྱས་ནས་ཐག་གཅོད་བྱས་པ་དང་། དོགས་ཡོད་མི་སྣ་འབུམ་གཅིག་དང་ཁྲི་གཉིས་ཙམ་འཛིན་བཟུང་བྱས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།