མཛེས་སྡུག་གི་མ་འོངས་པ་གསར་བསྐྲུན་བྱེད་པའི་ཕན་ཅི་ཝུན་ཐེབས་རྩ་ཚོགས་པའི་ལས་འཛིན་ནམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཟུར་པ་ཕན་ཅི་ཝུན་གྱིས་ཉེ་སྔོན་ཧན་གོའི་ཞིན་ཧན་སློབ་ཆེན་ནས་ཁ་བྱང་ལ་ན་གཞོན་དང་མ་འོངས་པ་ཞེས་པའི་གཏམ་བཤད་སྤེལ་ཏེ། རྒྱལ་ཁབ་མང་བོ་ནས་ཡོང་བའི་རྒྱལ་སྤྱིའི་ཕྱི་འགྲིམ་སློབ་མ་དག་གིས་མི་ཚེའི་དམིགས་འབེན་གཏན་འཁེལ་བྱེད་པ་དང་འཛམ་གླིང་ཡོངས་ཀྱི་སྤྱི་དམངས་འདུ་ཤེས་སྐྱེད་སྲིང་བྱས་ནས། ཧུར་ཐག་སྒོས་མིའི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལས་དོན་ཁྲོད་ཞུགས་དགོས་པའི་སྐུལ་མ་བཏང་།
ཕན་ཅི་ཝུན་གྱིས་ནམ་ཟླའི་འགྱུར་ལྡོག་གིས་མིའི་རིགས་ཀྱི་མ་འོངས་པར་ཐེབས་པའི་ཛ་དྲག་གི་འགྲན་རྩོད་དམིགས་སུ་བཀར་ནས་ནན་བཤད་བྱས་པ་དང་། ན་གཞོན་དག་གིས་ཐཱན་སྙོམས་སྦྱོར་གྱི་དམིགས་འབེན་མངོན་འགྱུར་བྱེད་པའི་ཁྲོད་གནད་འགག་ནུས་པ་འདོན་སྤེལ་བྱེད་དགོས་པའི་འབོད་སྐུལ་བཏང་།
ཕན་ཅི་ཝུན་གྱིས་ཀྲུང་གོས་ཕཱ་རེ་སིའི་གྲོས་ཆོད་འགོད་པར་སྐུལ་འདེད་གཏོང་བ་དང་འཛམ་གླིང་ཡོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པའི་ཁྲོད་ནུས་པ་གལ་ཆེན་བཏོན་པར་གདེང་འཇོག་ཆེན་པོ་བྱས་པར་མ་ཟད། ཀྲུང་གོས་ནམ་ཟླའི་བཅོས་སྐྱོང་དང་ཁོར་ཡུག་སྲུང་སྐྱོབ་ཐད་ནས་མངོན་པའི་མགོ་ཁྲིད་ནུས་པར་གཟེངས་བསྟོད་བྱས།
ཕན་ཅི་ཝུན་གྱིས་ནན་གྱིས་བསྟན་དོན། འཛམ་གླིང་ཡོངས་ཀྱི་སྤྱི་དམངས་འདུ་ཤེས་དེས་མཉམ་སྤྱོད་དང་བྱམས་བརྩེ་མཚོན་ཡོད་ཟེར། ཁོས་ན་གཞོན་རབས་ཀྱིས་སྒོ་འབྱེད་དཀྱེལ་ཡངས་ཀྱི་སེམས་ཁམས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་ཧུར་ཐག་སྒོས་ཞུགས་པ་དང་། ཞི་བདེ་དང་དར་རྒྱས། རྒྱུན་མཐུད་བཅས་ཀྱི་མིའི་རིགས་ཀྱི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱེད་པར་འབད་འབུངས་བྱེད་དགོས་པའི་འབོད་སྐུལ་བཏང་།
ཐེངས་འདིའི་གཏམ་བཤད་ལ་ཀྲུང་གོ་དང་མོང་གོལ། ཡའོ་ནན། ཝུའུ་ཙི་པེ་ཁི་སི་ཐན། ཧཱ་སག་སི་ཐན། ཐཱ་ཅི་ཁི་སི་ཐན་སོགས་རྒྱལ་ཁབ་ནས་ཡོང་བའི་ཕྱི་འགྲིམ་སློབ་མ400ལྷག་དང་ཧན་གོའི་སློབ་མ100ལྷག་ཞུགས་ཡོད་ལ། ཞིན་ཧན་སློབ་ཆེན་གྱི་སློབ་གཙོ་ཁང་ཧྲིན་ཀྲུང་བྱ་འགུལ་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།