འཇར་མན་གྱི་ཙུང་ལི་མའོ་ཚི་ཡིས་ཚེས26ཉིན་པའོ་ལིན་ནས་འཇར་མན་ནུབ་མའི་རྒྱང་སྒྲོག་ཁང་གི་ཡོ་རོབ་གླིང་གླེང་སྟེགས་ཀྱི་བྱ་འགུལ་ལ་ཞུགས་སྐབས་བཤད་རྒྱུར། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་ནས་དམག་དོན་འགུལ་སྐྱོད་སྤེལ་བ་ལས་མི་སེར་དཀྱུས་མར་ཐེབས་པའི་གནོད་པ་ཉིན་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་ལ། ཁོས་དབྱི་སི་རལ་གྱི་མིག་སྔའི་དམག་དོན་འགུལ་སྐྱོད་ཀྱི་དམིགས་ཡུལ་ལ་རྒྱུས་ལོན་བྱེད་ཐབས་མེད་ཟེར།
མའོ་ཚི་ཡིས་བཤད་རྒྱུར། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ལ་ཆམ་ཕབ་གཏོང་བ་རྒྱུ་མཚན་དུ་བྱས་ནས་དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་ལ་དག་འབུད་བྱེད་ཐབས་མེད། མ་མཐའི་ཚད་ཐིག་ལས་བརྒལ་ནས་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་དང་འགལ་བའི་སྐབས་སུ། འཇར་མན་གྱིས་ངེས་པར་དུ་འབོད་སྐུལ་གཏོང་དགོས་ཟེར།
མའོ་ཚི་ཡིས་བཤད་རྒྱུར། ཁོས་གཟའ་འཁོར་འདིའི་མཇུག་ཏུ་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་དང་ཡང་བསྐྱར་ཁ་པར་གྲོས་མོལ་བྱས་ཏེ། གནས་ཚུལ་དེ་གསལ་སྒྲོག་བྱེད་རྒྱུའི་འཆར་གཞི་ཡོད་ཟེར།
གཞན་ཡང་སུའེ་ཏེན་འཕྲིན་གཏོང་ཁང་གིས་ཚེས26ཉིན་སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ཁི་ལི་སི་ཐི་སུང་གི་སྐད་ཆ་དྲངས་ནས་བཤད་རྒྱུར། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་དགོས་ངེས་ཀྱི་བྲེལ་མྱུར་རོགས་སྐྱོར་འདོན་སྤྲོད་བྱེད་དུ་མ་བཅུག་པས། ས་དེའི་མི་ཆོས་རིང་ལུགས་ཀྱི་གནས་བབ་ཇེ་སྡུག་ཏུ་སོང་ཡོད་ལ། སུའེ་ཏེན་ཕྱི་འབྲེལ་པུའུ་ཡིས་དོན་དེའི་ཐད་ནས་སུའེ་ཏེན་དུ་སྡོད་པའི་དབྱི་སི་རལ་གྱི་གཞུང་ཚབ་ཆེན་མོ་འབོད་རྒྱུ་ཡིན་ཟེར།
ཁི་ལི་སི་ཐི་སུང་གིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་དབྱི་སི་རལ་ལ་བཀག་སྡོམ་བྱེད་ཐབས་སྤྱོད་པ་སོགས་གནོན་ཤུགས་སྟེར་བར་རེ་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།