ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥུན་ཏི་ལའེ་ཨིན་གྱིས་ཚེས27ཉིན་ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པར་ཁ་པར་གཏོང་སྐབས། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་སྤེལ་བའི་དམག་དོན་འགུལ་སྐྱོད་ལས་སློབ་གྲྭ་སོགས་དམངས་བཀོལ་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་བཏང་སྟེ། བྱིས་པ་དང་བཅས་པའི་མི་སེར་དཀྱུས་མར་ཤི་རྨས་བཟོས་པར་རྒོལ་གཏམ་བཏང་།
ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལས་ཧྥུན་ཏི་ལའེ་ཨིན་གྱིས་བཤད་རྒྱུར། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་རྒྱ་བསྐྱེད་པ་དང་། དམིགས་འབེན་ནི་དམངས་བཀོལ་རྨང་གཞིའི་སྒྲིག་ཆས་ཡིན་ལ། དེའི་ནང་ཡུལ་འཁྱམས་བྱེད་པའི་ཕཱ་ལེ་སི་ཐན་གྱི་ཁྱིམ་ཚང་ལ་འགེབས་སྲུང་བྱེད་པའི་སློབ་གྲྭ་ཞིག་འདུས་པ་དང་། བྱིས་པ་དང་བཅས་པའི་མི་སེར་དཀྱུས་མ་དམར་གསོད་བཏང་བའི་དོན་དེ་འདང་ཕོག་དཀའ་བའི་དོན་ཞིག་རེད་ཟེར།
ཧྥུན་ཏི་ལའེ་ཨིན་གྱིས་བཤད་རྒྱུར། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་བཀག་སྡོམ་ནན་མོ་བྱས་ནས་གཟའ་འཁོར་འགའ་འགོར་ཡོད་ལ། ས་དེའི་མི་ཆོས་རིང་ལུགས་ཀྱི་གནས་བབ་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པས། ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱི་སི་རལ་གྱིས་བཀག་སྡོམ་མེད་པར་གཏོང་དགོས་པའི་འབོད་སྐུལ་དྲག་པོ་བཏང་ཡོད་ཟེར།
ཧྥུན་ཏི་ལའེ་ཨིན་གྱིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་དབྱི་སི་རལ་གྱི་བདེ་འཇགས་དང་རང་སྲུང་ཁེ་དབང་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཀྱང་། ཛ་དྲག་ཏུ་གྱུར་བའི་གནས་བབ་དང་མི་སེར་དཀྱུས་མར་དམིགས་པའི་ཚད་བརྒལ་གྱི་དྲག་ཤུགས་དེས་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་དང་རྒྱལ་སྤྱིའི་བཅའ་ཁྲིམས་འོག་རྐང་ཚུགས་ཐབས་མེད་ཟེར།
ཧྥུན་ཏི་ལའེ་ཨིན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ལངས་ཕྱོགས་བསྐྱར་སྒྲོག་བྱས་པ་དང་། ཆ་རྐྱེན་ཅི་ཡང་མེད་པར་བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་གཏོང་བ་དང་། འཁྲུག་རྩོད་མཚམས་འཇོག་པ། གཞི་རྒྱ་ཆེ་བའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པ་སོགས་འདུས། ཁོ་མོས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་རྨང་གཞིའི་སྟེང་ས་ཁུལ་གྱི་དྲང་བདེན་དང་ཡུན་རིང་གི་ཞི་བདེ་ཕྱོགས་ཡོངས་ནས་མངོན་འགྱུར་བྱེད་པར་འབད་འབུངས་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།