མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིན་གྱི་མགྲིན་ཚབ་པ་ལའེ་ཁི་ཡིས་ཚེས27ཉིན་བཤད་རྒྱུར། ཨ་མེ་རི་ཁ་དང་དབྱི་སི་རལ་གྱིས་རྒྱབ་སྐྱོར་བྱེད་པའི་སྒེར་གཉེར་གྱི་རོགས་སྐྱོར་རྩ་འཛུགས་ཅཱ་ཧྲའི་མི་ཆོས་རིང་ལུགས་ཐེབས་རྩ་ཚོགས་པས་ཅཱ་ཧྲ་ས་ཁུལ་དུ་རྒུད་སྐྱོབ་དངོས་རྫས་བགོ་བཤའ་བྱེད་པའི་ཐབས་ལ་བརྟེན་ནས། མི་རྣམས་ཀྱིས་ཅཱ་ཧྲ་རུ་བགྲོད་སའི་རྒྱུ་ལམ་སྒོ་འབྱེད་པ་སོགས་ཅ་ཧྲ་ས་ཁུལ་གྱི་དོན་དངོས་དགོས་མཁོར་དོ་སྣང་བྱེད་པའི་ཉམས་སྣང་འཕྲུལ་བར་བྱས་ཡོད་ཟེར།
ལའེ་ཁི་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། དོན་དངོས་དགོས་མཁོ་ནི་ཅཱ་ཧྲ་ས་ཁུལ་དུ་བགྲོད་སའི་རྒྱུ་ལམ་ཚང་མ་ཡང་བསྐྱར་སྒོ་འབྱེད་བྱེད་རྒྱུ་དེ་ཡིན་ཟེར། ཁོས་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བའི་བྲེལ་མྱུར་རོགས་སྐྱོར་དངོས་རྫས་ཀྱི་གྲོས་ཞིབ་མཆན་འགོད་ཀྱི་ལས་རིམ་ཇེ་མགྱོགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡི་མགྲིན་ཚབ་པ་ཐུའུ་མཱ་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ང་ཚོར་གནས་ཚུལ་ཅི་ཡང་འབྱོར་མེད་པས་ཅཱ་ཧྲའི་མི་ཆོས་རིང་ལུགས་ཐབས་རྩ་ཚོགས་པས་དོན་དངོས་སུ་རྒུད་སྐྱོབ་དངོས་རྫས་བྱིན་ཡོད་མེད་མི་ཤེས་ཟེར།
ཅཱ་ཧྲའི་མི་ཆོས་རིང་ལུགས་ཐེབས་རྩ་ཚོགས་པས་ཚེས26ཉིན་གསལ་སྒྲོག་སྤེལ་ཏེ། རྩ་འཛུགས་དེས་དངོས་སུ་ལས་གཉེར་བྱེད་མགོ་བརྩམས་པ་དང་། ཟས་རིགས་དྲུད་པའི་དངོས་སྐྱེལ་རླངས་འཁོར་འགའ་རྒུད་སྐྱོབ་དངོས་རྫས་སྟེར་སར་ཡོང་ནས་ཕཱ་ལེ་སི་ཐན་མང་ཚོགས་ལ་རྒུད་སྐྱོབ་དངོས་རྫས་སྟེར་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།