ཨེ་ཅིབ་ཀྱི་སྲིད་འཛིན་བཞུགས་ཤག་གིས་ཚེས27ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་ཀྱིས་སྲིད་འཛིན་སེ་ཞི་དང་སི་ཕན་གྱི་དབུ་བཞུགས་བློན་ཆེན་སིང་ཆེ་སི་གཉིས་ཀྱིས་ཉིན་དེར་ཁ་པར་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་དབྱི་སི་རལ་གྱི་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ལ་ངོ་རྒོལ་བྱེད་ལ། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་མི་རང་གི་ས་ཁོངས་ནས་མཐར་སྐྲོད་གཏོང་བའི་གཡོ་ཇུས་ལ་ངོ་རྒོལ་བྱེད་པ་བསྐྱར་སྒྲོག་བྱས།
གསལ་སྒྲོག་ལས་བཤད་རྒྱུར། སེ་ཞི་དང་སིང་ཆེ་སི་གཉིས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མྱུར་དུ་མཚམས་འཇོག་པ་དང་། ས་ཁུལ་དེར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་སྐྱེལ་དགོས་པའི་སྐུལ་མ་བཏང་། དེའི་ཞོར་དུ་ཕྱོགས་གཉིས་ཀྱིས་ཕཱ་ལེ་སི་ཐན་རྒྱལ་ཁབ་ཀྱི་ཁས་ལེན་ཐོབ་ཚད་རྒྱ་བསྐྱེད་ནས་རྒྱལ་ཁབ་གཉིས་ཀྱི་ཐག་གཅོད་ཇུས་གཞི་མངོན་འགྱུར་བྱེད་པའི་གལ་ཆེན་རང་བཞིན་བསྐྱར་སྒྲོག་བྱས་པ་དང་། ཅཱ་ཧྲའི་མི་རྣམས་ཡུལ་འཁྱམས་བྱེད་དུ་མི་འཇུག་པའི་སྔོན་འགྲོའི་ཆ་རྐྱེན་འོག ཨ་རབ་དང་དབྱི་སི་ལན་རྒྱལ་ཁབ་དག་གིས་གཅིག་གྱུར་ཁས་ལེན་བྱེད་པའི་ཅཱ་ཧྲ་ས་ཁུལ་གྱི་བསྐྱར་འཛུགས་འཆར་གཞི་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།
རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ད་རུང་སི་རི་ཡཱ་དང་ལེ་པཱ་ནུན། ལི་པུ་ཡཱ་བཅས་ཀྱི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། རྒྱལ་ཁབ་དེ་དག་གི་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་ཡོང་བ། བདེ་འཇགས་ཡོང་བ་བཅས་ལ་སྲུང་སྐྱོབ་བྱེད་དགོས་པའི་ནན་བཤད་བྱས།
དེ་ལས་གཞན་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་ཉོ་ཚོང་། དངུལ་གཏོང་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་མདུན་ལྗོངས་འཚོལ་ཞིབ་བྱས་ཏེ། མུ་མཐུད་དུ་ས་ཁུལ་གྱི་གནད་དོན་ཐད་ནས་མཐུན་སྦྱོར་བྱེད་པར་འཐད་པ་བྱུང་།
བསོད་ནམས་ཚེ་རིང་གིས་བསྒྱུར།