དབྱི་ལིང་གིས་ཉིང་རྡུལ་ནུས་པའི་ཁེ་དབང་ཐད་ནས་མཐུན་སྦྱོར་བྱེད་མི་སྲིད་པའི་ཚུལ་བསྟན།
2025.05.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས27ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པཱ་ཅཱ་ཨེ་ཡིས་ཉེ་སྔོན་བསྟན་དོན། དབྱི་ལིང་གིས་གནས་ཚུལ་གང་རུང་འོག་ཉིང་རྡུལ་ནུས་པའི་ཁེ་དབང་བསྐྱུར་མི་སྲིད་ཟེར།

བསྒྲགས་པ་ལྟར་ན། པཱ་ཅཱ་ཨེ་ཡིས་ཚེས26ཉིན་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་ནས་ཨ་མེ་རི་ཁའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁའི་དམིགས་ཡུལ་ནི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་འཆར་གཞི་དེ་མཚོན་ཆ་ཅན་དུ་མི་བསྒྱུར་བར་འགན་སྲུང་བྱེད་པ་དེ་ཡིན་ན། དབྱི་ལིང་དང་ཨ་མེ་རི་ཁས་གྲོས་མཐུན་འགོད་པ་ལས་སླ་མོ་ཞིག་ཡིན། འོན་ཀྱང་ཨ་མེ་རི་ཁའི་དམིགས་ཡུལ་ནི་དབྱི་ལིང་གིས་ཞི་བའི་སྒོ་ནས་ཉིང་རྡུལ་ནུས་པ་བེད་སྤྱོད་བྱེད་པའི་ཁེ་དབང་འཕྲོག་རྩིས་ཡིན་ན། གྲོས་མོལ་དེར་དཀའ་ཁག་ཆེན་པོ་ཡོད་པ་དང་། གྲོས་མོལ་གྱི་འཕེལ་རིམ་ཧྲིལ་བོར་གནོད་པ་ཚབས་ཆེན་ཐེབས་སྲིད་ཟེར། ཁོས་བསྐྱར་སྒྲོག་བྱས་དོན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་འཆར་གཞི་ནི་ཞི་བའི་ངོ་བོ་ཅན་ཡིན་པ་དང་། དབྱི་ལིང་ཕྱོགས་ཀྱིས་ངོ་བོ་སྲུང་འཛིན་བྱེད་པར་འབད་འབུངས་བྱེད་པ་ཡིན་ཟེར།

པཱ་ཅཱ་ཨེ་ཡིས་བཤད་རྒྱུར། ད་ལོའི་བར་དུ་དབྱི་ལིང་དང་ཨ་མེ་རི་ཁའི་གྲོས་མོལ་མུ་མཐུད་དུ་སྤེལ་བཞིན་ཡོད་ལ། དེ་ལས་ཕྱོགས་གཉིས་ཀྱིས་ཚད་ངེས་ཅན་གྱི་བཟོད་སྒོམ་བརྗེད་ཐོ་བཀོད་ཡོད་པ་མཚོན་ཡོད་ཟེར། ཕྱི་ཕྱོགས་ཀྱི་འཇིགས་ཉེན་དང་གནོན་ཤུགས་གླེང་སྐབས་པཱ་ཅཱ་ཨེ་ཡིས་ནན་གྱིས་བསྟན་དོན། དབྱི་ལིང་གིས་རྣམ་པ་གང་རུང་གི་བརྙས་བཅོས་ལ་མགོ་སྒུར་མི་སྲིད་པ་དང་། འཛེམ་དོགས་ཅི་ཡང་མེད་པར་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ངེས་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།