འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཅཱ་ཧྲ་ས་ཁུལ་དུ་ཟས་རིགས་དང་སྨན་རྫས་འདོན་སྤྲོད་བྱེད་མཚམས་བཞག་པ་དེ་དང་ལེན་བྱེད་ཐབས་མེད་པའི་ཚུལ་བསྟན།
2025.05.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཝ་ཏི་ཧྥུའུ་ཨར་གྱིས་ཚེས27ཉིན་པའོ་ལིན་ནས་འཇར་མན་ནུབ་མའི་རྒྱང་སྒྲོག་ཁང་གི་ཡོ་རོབ་གླིང་གླེང་སྟེགས་བྱ་འགུལ་ལ་ཞུགས་སྐབས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ལ་སྐྱོན་འཛུགས་བྱས་པར་མ་ཟད། མི་སེར་དཀྱུས་མར་ཟས་རིགས་དང་སྨན་རྫས་སོགས་གཞི་རྩའི་མཁོ་དངོས་འདོན་སྤྲོད་བྱེད་མཚམས་བཞག་པ་དེ་གཏན་ནས་དང་ལེན་བྱེད་ཐབས་མེད་པའི་ཚུལ་བསྟན།

ཝ་ཏི་ཧྥུའུ་ཨར་གྱིས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་དེ་ཚད་ལས་བརྒལ་ཡོད། འཇར་མན་གྱིས་ཡིའུ་ཐེ་བར་རྒོལ་བའི་རིང་ལུགས་ལ་མཐའ་གཅིག་ཏུ་ཆམ་ཕབ་གཏོང་ཡང་། འཇར་མན་རྒྱལ་ཁབ་དེ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་ཁྲོད་ཡོ་བྱད་ལྟ་བུར་འགྱུར་མི་སྲིད་ལ། འཇར་མན་གྱིས་རང་སྟེང་ལ་ཆབ་སྲིད་ཀྱི་གནོན་ཤུགས་ཐེབས་ནས་བཙན་གྱིས་མཐུན་སྒྲིལ་བྱེད་དུ་འཇུག་པའི་གནས་སུ་ལྷུང་དུ་འཇུག་མི་སྲིད་ཟེར།

འཇར་མན་གྱིས་མུ་མཐུད་དུ་དབྱི་སི་རལ་ལ་མཚོན་ཆ་འདོན་སྤྲོད་བྱེད་མིན་ཐད་ནས་ཝ་ཏི་ཧྥུའུ་ཨར་གྱིས་བསྟན་དོན། རྒྱལ་སྤྱིའི་མི་ཆོས་རིང་ལུགས་བཅའ་ཁྲིམས་དང་འགལ་བའི་ཉེན་ཁ་ཡོད་ན། འཇར་མན་གྱིས་ཐེ་གཏོགས་བྱེད་པ་དང་། མཚོན་ཆ་གཏན་ནས་འདོན་སྤྲོད་བྱེད་མི་སྲིད་ཟེར།

འཇར་མན་རྒྱལ་ཕྲན་མཉམ་འབྲེལ་ཕྱི་འབྲེལ་པུའུ་ཡི་ཆེད་མཁས་པས་དོན་དེའི་ཐད་ནས་གྲོས་ཞིབ་བྱེད་རྒྱུ་མ་ཟད་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་ལ་བསམ་འཆར་འདོན་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།