ཧཱ་མཱ་སི་ཡིས་ཨ་མེ་རི་ཁའི་ཆེད་མངག་ཕོ་ཉ་དང་མཉམ་དུ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་སྤྱིའི་སྒྲོམ་གཞིའི་གྲོས་མཐུན་བཀོད་པ་ཁས་ལེན་བྱས།
2025.05.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཚེས28ཉིན་དཔོན་ཕྱོགས་གསལ་སྒྲོག་སྤེལ་ཏེ། ཧཱ་མཱ་སི་ཡིས་ཉེ་སྔོན་ཨ་མེ་རི་ཁའི་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་ཝེ་ཐི་ཁི་ཧྥུའུ་དང་མཉམ་དུ་ཅཱ་ཧྲ་ས་ཁུལ་དུ་དུས་གཏན་དུ་འཁྲུག་རྩོད་མཚམས་འཇོག་པའི་སྤྱིའི་སྒྲོམ་གཞིའི་གྲོས་མཐུན་བཀོད་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། སྒྲོམ་གཞིའི་གྲོས་མཐུན་དེས་ཅཱ་ཧྲ་ས་ཁུལ་དུ་ཡུན་རིང་འཁྲུག་རྩོད་མཚམས་འཇོག་པ་དང་དབྱི་སི་རལ་གྱི་དམག་དཔུང་ཚང་མ་ཅཱ་ཧྲ་ས་ཁུལ་ནས་ཕྱིར་འཐེན་བྱེད་པ། སྔར་ལས་མང་བའི་རྒུད་སྐྱོབ་དངོས་རྫས་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བ། དེ་མིན་གྲོས་མཐུན་ཁྱབ་བསྒྲགས་བྱས་རྗེས་ཆེད་ལས་ཨུ་ཡོན་ལྷན་ཁང་ཞིག་གིས་ཅཱ་ཧྲ་ས་ཁུལ་གྱི་ལས་དོན་བདག་དམ་བྱེད་པ་བཅས་ལ་འགན་སྲུང་བྱས་ཡོད་ཟེར།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། གྲོས་མཐུན་དེར་བར་འདུམ་ཕྱོགས་ཀྱི་འགན་སྲུང་འོག དབྱི་སི་རལ་གྱི་བཀག་འཇུག་ཐེབས་པའི་མི་སྣ10ཕྱིར་གཏོང་བ་དང་། ཁ་གྲངས་ཚད་ངེས་ཅན་ཡོད་པའི་དབྱི་སི་རལ་གྱི་བཀག་འཇུག་མི་སྣའི་བེམ་པོ་ཕྱིར་སྤྲད་དེ་གྲོས་ཐག་བཅད་ཡོད་པའི་ཕཱ་ལེ་སི་ཐན་གྱི་བཀག་འཇུག་མི་སྣར་བརྗེ་སྤོར་བྱེད་པ་སོགས་འདུས་ཡོད་ལ། མིག་སྔར་ཧཱ་མཱ་སི་ཡིས་འབྲེལ་ཡོད་ཕྱོགས་ཀྱི་ཆེས་མཇུག་མཐའི་ལན་ལ་སྒུག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།