ཝུའུ་ཁི་ལན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ཨུ་རུ་སིའི་ཕྱོགས་ལ་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཚམས་འཇོག་པའི་ལངས་ཕྱོགས་སྐོར་གྱི་ཡིག་ཆ་སྤྲད་པའི་ཚུལ་བསྟན།
2025.05.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཝུའུ་ཁི་ལན་གྱི་རྒྱལ་སྲུང་བློན་ཆེན་ཝུའུ་མཱེ་ལོ་ཧྥུའུ་ཡིས་ཚེས28ཉིན་གྱི་དགོང་མོར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས། ཝུའུ་ཁི་ལན་ཕྱོགས་ཀྱིས་ཨུ་རུ་སིའི་ཕྱོགས་ལ་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཚམས་འཇོག་པའི་ལངས་ཕྱོགས་སྐོར་གྱི་ཡིག་ཆ་སྤྲད་ཡོད་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱིས་ཨུ་རུ་སིའི་ཕྱོགས་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་འབྲེལ་ཡོད་བཟོད་སྒོམ་བརྗེད་ཐོ་སྤྲོད་པར་སྒུག་ཡོད་ཟེར།

ཞོར་དུ་ཝུའུ་ཁི་ལན་གྲོས་མོལ་འཐུས་ཚབ་ཚོགས་པའི་ཚོགས་གཙོའི་འགན་ཁུར་བའི་ཝུའུ་མཱེ་ལོ་ཧྥུའུ་ཡིས་བསྟན་དོན། ཝུའུ་ཁི་ལན་ཕྱོགས་ཀྱིས་ཨུ་རུ་སིའི་ཕྱོགས་ལ་ཝུའུ་ཁི་ལན་གྱི་ལངས་ཕྱོགས་མཚོན་པའི་ཡིག་ཆ་སྤྲད་ཡོད་ཀྱང་། ཨུ་རུ་སིའི་ཕྱོགས་ཀྱིས་ཁ་ཆད་ལྟར་དུ་ཝུའུ་ཁི་ལན་གྱིས་ཡིག་ཆ་སྤྲད་རྗེས་མྱུར་མོར་ཝུའུ་ཁི་ལན་ཕྱོགས་ལ་ཨུ་རུ་སིའི་འཁྲུག་རྩོད་མཚམས་འཇོག་པའི་ལངས་ཕྱོགས་སྐོར་གྱི་བཟོད་སྒོམ་བརྗེད་ཐོ་སྤྲད་མེད་ཟེར། ཁོས་ཨུ་རུ་སིའི་ཕྱོགས་ཀྱིས་ཡིག་ཆ་སྤྲོད་པར་འགོར་འགྱངས་བྱས་པར་སྐྱོན་འཛུགས་བྱས།

ཝུའུ་མཱེ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་ཕྱོགས་ཡོངས་ནས་ཆ་རྐྱེན་ཅི་ཡང་མེད་པའི་འཁྲུག་རྩོད་མཚམས་འཇོག་པ་དང་མུ་མཐུད་དུ་ཕྱི་འབྲེལ་གྱི་འབྲེལ་འདྲིས་བྱེད་འདོད་ཡོད་པའི་ལངས་ཕྱོགས་བསྐྱར་སྒྲོག་བྱས་པ་དང་། ཝུའུ་ཁི་ལན་ཕྱོགས་ཀྱིས་ཨུ་རུ་སི་དང་མཉམ་དུ་གྲོས་མོལ་གང་ལེགས་བྱེད་པར་འཐད་པ་བྱུང་ཡིན་ལ། ཨུ་རུ་སིའི་ཕྱོགས་ཀྱིས་བཟོད་སྒོམ་བརྗེད་ཐོ་སྤྲོད་ནས་གྲོས་མོལ་དེ་སྟོང་གཏམ་དུ་མི་འགྱུར་བར་འཁྲུག་རྩོད་མཚམས་འཇོག་པར་སྐུལ་འདེད་གཏོང་ཐུབ་པར་ངང་སྒུག་བྱས་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། ཕྱི་འབྲེལ་ལ་ངེས་པར་དུ་ངོ་བོའི་ནང་དོན་ཡོད་དགོས་ལ། སྐོར་ཐེངས་རྗེས་མའི་གྲོས་མོལ་ནས་ངེས་པར་དུ་གྲུབ་འབྲས་ཐོན་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།