ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས28ཉིན་ཕོ་བྲང་དཀར་པོ་ནས་སྨྱན་བྱད་ལ་བཤད་རྒྱུར། ཁོས་དབྱི་སི་རལ་གྱིས་གནས་སྐབས་སུ་དབྱི་ལིང་ལ་དཔུང་འཇུག་བྱེད་མི་རུང་བའི་ཉེན་བརྡ་བཏང་ཡོད་པ་དང་། ཨ་མེ་རི་ཁའི་སྲིད་གཞུང་གིས་དུས་ཚོད་མང་བོ་བེད་སྤྱད་ནས་དབྱི་ལིང་བར་ཉིང་རྡུལ་ནུས་པའི་གྲོས་མཐུན་གསར་བ་འགོད་པར་སྟབས་བདེ་བཟོ་དགོས་ཟེར།
ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཁོས་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ལ་ཉེན་བརྡའི་ཚུལ་དུ་ད་ལྟ་འདི་ལྟར་བྱས་ན་འོས་འཚམ་མིན་པ་དང་། རྒྱུ་མཚན་ནི་ང་ཚོས་ཐག་གཅོད་ཇུས་གཞི་འགོད་ལ་ཉེ་བས་ཡིན། ད་ལྟ་གནས་ཚུལ་ལ་དུས་ངེས་མེད་དུ་འགྱུར་ལྡོག་འབྱུང་སྲིད་པས་ཁ་པར་གཅིག་གིས་ཀྱང་ཡོད་ཚད་བསྒྱུར་སྲིད་ཟེར། ཐི་ལིང་ཕུའུ་ཡིས་ད་རུང་བཤད་རྒྱུར། ཁོས་བལྟས་ན་དབྱི་ལིང་གིས་གྲོས་མཐུན་འགོད་པར་རེ་བཞིན་ཡོད་པ་དང་། དེ་ལས་ཚེ་སྲོག་མང་བོ་སྐྱོབ་ཐུབ་ལ། གྲོས་མཐུན་དེ་མ་འོངས་པའི་གཟའ་འཁོར་འགའི་ནང་འགོད་ཐུབ་ངེས་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།