ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཁཱ་ལཱ་སི་ཡིས་ཚེས28ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བར་རྒོལ་གཏམ་དྲག་པོ་བཏང་བ་དང་། དབྱི་སི་རལ་གྱིས་ཚད་ལས་བརྒལ་བའི་སྒོ་ནས་དྲག་ཤུགས་སྤྱད་དེ་མི་སེར་དཀྱུས་མར་ཤི་རྨས་བཟོ་བའི་བྱ་སྤྱོད་ལ་བཟོད་སྒོམ་བྱེད་ཐབས་མེད་པའི་ཚུལ་བསྟན་པར་མ་ཟད། དམངས་བཀོལ་རྨང་གཞིའི་སྒྲིག་ཆས་ལ་མུ་མཐུད་དུ་དུ་ཆམ་ཕབ་གཏོང་བའི་བྱ་སྤྱོད་དེ་དང་ལེན་བྱེད་ཐབས་མེད་པའི་ཉེན་བརྡ་བཏང་།
གསལ་སྒྲོག་ལས་མྱུར་མོར་འཁྲུག་རྩོད་མཚམས་འཇོག་པ་དང་བཀག་འཇུག་ཐེབས་པའི་མི་ཚང་མ་ཕྱིར་གཏོང་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། གྲོས་མོལ་ལ་བརྟེན་ནས་དུས་གཏན་དུ་དགྲར་འཛིན་འགུལ་སྐྱོད་མཚམས་འཇོག་དགོས་པའི་རེ་བ་བཏོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་བསྐྱར་སྒྲོག་བྱས་དོན། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དེ་ཆབ་སྲིད་ཅན་དང་དམག་དོན་ཅན་དུ་གཏན་ནས་བསྒྱུར་མི་རུང་བ་དང་། ཅཱ་ཧྲ་ས་ཁུལ་གྱི་མང་ཚོགས་དག་གི་དགོས་མཁོ་གཞིར་བཟུང་ནས་མྱུར་མོར་གཞི་རྒྱ་ཆེ་བའི་རྒུད་སྐྱོབ་དངོས་རྫས་བཀག་མེད་ངང་སྐྱེལ་འདྲེན་བྱེད་དགོས་པའི་འབོད་སྐུལ་བཏང་།
ཡོ་རོབ་གླིང་མནའ་འབྲེལ་གྱིས་ད་རུང་དབྱི་སི་རལ་གྱི་གཏན་སྡོད་མཁན་གྱིས་ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་གྱི་བཙན་བཟུང་བྱས་པའི་ས་ཁུལ་ནས་མུ་མཐུད་དུ་དྲག་ཤུགས་བྱ་སྤྱོད་སྤེལ་བར་རྒོལ་གཏམ་དྲག་པོ་བཏང་བ་དང་། དབྱི་སི་རལ་གྱིས་ངེས་པར་དུ་གཅིག་ཆོད་ཀྱི་བྱེད་ཐབས་སྤྱད་དེ་གནད་དོན་དེ་ཐག་གཅོད་བྱེད་དགོས་པར་མ་ཟད། འབྲེལ་ཡོད་ཀྱི་དོན་རྐྱེན་བཟོ་མཁན་གྱི་འགན་འཁྲི་རྩད་གཅོད་བྱེད་པར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།
ཡོ་རོབ་གླིང་མནའ་འབྲེལ་གྱིས་གསལ་སྒྲོག་ནང་དུ་ད་རུང་ཡེ་ལུའུ་སཱ་ལེམ་ཉིན་མོའི་སྐབས་སུ་ཡེ་ལུའུ་སཱ་ལེམ་མཁར་རྙིང་ནས་བྱུང་བའི་ངན་སྐུལ་དྲག་ཤུགས་དང་སྡོད་དམངས་དང་གསར་འགོད་པར་འཇིགས་སྐུལ་བ་སོགས་ཀྱི་བྱ་སྤྱོད་རབ་དང་རིམ་པར་རྒོལ་གཏམ་བཏང་།
གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་ཆབ་སྲིད་མགོ་ཁྲིད་པས་གནས་བབ་དེ་འདྲའི་འོག་སྤྱད་པའི་དཀྲུག་འཕེན་འགུལ་སྐྱོད་ལས་ཡེ་ལུའུ་སཱ་ལེམ་དང་མཁར་རྙིང་ས་ཁུལ་གྱི་དམིགས་བསལ་གོ་གནས་དང་ཐུན་མིན་ངོ་བོར་གཏོར་བརླག་ཐེབས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།