ཨུ་རུ་སི་དང་ཨ་མེ་རི་ཁའི་ཕྱི་འབྲེལ་བློན་ཆེན་གྱིས་ཁ་པར་བརྒྱུད་དེ་སྐོར་ཐེངས་གསར་བའི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་གྲོས་མོལ་སོགས་གནད་དོན་ལ་གྲོས་བསྡུར་བྱས།
2025.05.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས28ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ལུའུ་པུས་ཨོ་ལ་ཁ་པར་བཏང་སྟེ། མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་སྐོར་ཐེངས་གསར་བའི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཐད་ཀར་གྲོས་མོལ་སོགས་གནད་དོན་ལ་གྲོས་བསྡུར་བྱས།

གསལ་སྒྲོག་ལས་བཤད་རྒྱུར། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ལུའུ་པུས་ཨོ་ལ་ཨུ་རུ་སི་དང་ཨ་མེ་རི་ཁའི་མགོ་གཙོས་ཟླ5བའི་ཚེས19ཉིན་བཀོད་པའི་ཐུན་མོང་ལྟ་ཚུལ་དངོས་འབེབས་བྱེད་པའི་གནས་ཚུལ་དང་། དེ་མིན་ཨུ་རུ་སིའི་ཕྱོགས་ཀྱིས་སྙན་ཞུ་བྱས་སྐོར་ཐེངས་གསར་བའི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཐད་ཀར་གྲོས་མོལ་ལ་གྲ་སྒྲིག་བྱས་པའི་བྱེ་བྲག་གི་གྲོས་གཞི་སྙན་ཞུ་བྱས། ལུའུ་པུས་ཨོ་ཡིས་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་མུ་མཐུད་དུ་ཨུ་རུ་སི་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀྱིས་མྱུར་མོར་འཁྲུག་རྩོད་མཚམས་འཇོག་ཏུ་འཇུག་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ད་རུང་གནད་དོན་གཞན་པར་གྲོས་བསྡུར་བྱས་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་སྡེ་ཁག་གིས་མུ་མཐུད་དུ་འཛུགས་སྐྲུན་རང་བཞིན་ལྡན་ཞིང་ཕན་ཚུན་བརྩི་འཇོག་བྱེད་པའི་གྲོས་མོལ་སྤེལ་དགོས་པ་བསྐྱར་སྒྲོག་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།