ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས28ཉིན་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཐད་ཀར་གྲོས་མོལ་སླར་གསོ་བྱས་རྗེས་ཀྱི་སྐོར་ཐེངས་གཉིས་པའི་གྲོས་མོལ་དེ་ཟླ6པའི་ཚེས2ཉིན་ཐུར་ཁེའི་དབྱི་སི་ཐན་པོར་ནས་སྤེལ་རྒྱུ་ཡིན་ཟེར།
ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་སུ་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་ཕྱོགས་ཀྱིས་དེའི་སྔོན་གྲོས་མོལ་ལ་བཀོད་པའི་ཆོད་དོན་ལྟར་མྱུར་མོར་དགོས་ངེས་ཀྱི་བཟོད་སྒོམ་བརྗེད་ཐོ་གཏན་འབེབས་བྱས་ནས། ཨུ་རུ་སིའི་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་ཉམས་ཉེན་གྱི་འབྱུར་རྩའི་གནད་དོན་ཐག་གཅོད་བཟང་བོ་བྱེད་པའི་སྐོར་གྱི་ལངས་ཕྱོགས་རྒྱས་བཤད་བྱེད་རྒྱུ་ཡིན། ཨུ་རུ་སིའི་སྲིད་འཛིན་གྱི་ལས་རོགས་པ་མཱེ་ཅིན་སི་ཅི་ཡིས་ཁྲིད་པའི་ཨུ་རུ་སིའི་འཐུས་ཚབ་ཚོགས་པས་ཟླ6པའི་ཚེས2ཉིན་དབྱི་སི་ཐན་པོར་ནས་སྐོར་ཐེངས་གཉིས་པའི་གྲོས་མོལ་སྤེལ་སྐབས། ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པས་བཟོད་སྒོམ་བརྗེད་ཐོ་སྤྲད་དེ་དགོས་ངེས་ཀྱི་གསལ་བཤད་བྱེད་རྒྱུ་ཡིན་ཟེར།
ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བསྟན་དོན། ཞི་བའི་འཕེལ་རིམ་ལ་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་ཡོད་པའི་ཕྱོགས་ཁག་སོ་སོས་སྐོར་ཐེངས་གསར་བའི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་ཐད་ཀར་གྲོས་མོལ་ལ་རྒྱབ་སྐྱོར་བྱེད་དགོས་པའི་རེ་བ་བཏོན།
ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཧྥེ་ཏན་གྱིས་ཚེས26ཉིན་ནས་ཚེས27ཉིན་བར་ཨུ་རུ་སིར་འཚམས་འདྲི་བྱས་ཏེ། ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་དང་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་གཉིས་དང་གྲོས་མོལ་བྱས། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས27ཉིན་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་དབྱི་སི་ཐན་པོར་ནས་ཝུའུ་ཁི་ལན་དང་མཉམ་དུ་སྐོར་ཐེངས་གཉིས་པའི་གྲོས་མོལ་སྤེལ་བར་བསམ་བློ་གཏོང་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།