དབྱི་ཐཱ་ལེའི་ཕྱི་འབྲེལ་བློན་ཆེན་གྱིས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་པའི་བྱ་སྤྱོད་དེ་དང་ལེན་བྱེད་ཐབས་མེད་པའི་ཚུལ་བསྟན།
2025.05.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ཐཱ་ལེའི་ཙུང་ལི་གཞོན་པའམ་ཕྱི་འབྲེལ་དང་རྒྱལ་སྤྱིའི་མཉམ་ལས་ཀྱི་བློན་ཆེན་ཐཱ་ཡཱ་ནེ་ཡིས་ཚེས28ཉིན་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་འགས་གཏོར་འགུལ་སྐྱོད་མཚམས་འཇོག་དགོས་པའི་སྐུལ་མ་བཏང་བ་དང་། འཇབ་རྒོལ་དེ་རིགས་དང་ལེན་བྱེད་ཐབས་མེད་ཟེར།

ཐཱ་ཡཱ་ནེ་ཡིས་ཉིན་དེར་དབྱི་ཐཱ་ལེའི་དམངས་གྲོས་ཁང་ལ་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་སྙན་ཞུ་བྱེད་སྐབས་བསྟན་དོན། ཕཱ་ལེ་སི་ཐན་གྱི་མི་སེར་དཀྱུས་མའི་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཧ་ལས་པའི་ཚད་དུ་བསླེབས་ཡོད་ཅིང་། ཉེས་མེད་ཀྱི་མི་དེ་དག་རྐྱེན་ལམ་དུ་ཤོར་བ་ལས་ང་ཚོའི་རིན་ཐང་ལྟ་བར་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་དང་། ང་ཚོ་དེར་སྡང་སེམས་སྐྱེས་ཡོད་ཟེར།

ཁོས་བསྟན་དོན། དབྱི་སི་རལ་སྲིད་གཞུང་གིས་འཇིགས་སྐུལ་རིང་ལུགས་བྱ་སྤྱོད་ལ་རྒོལ་ལན་སྤྲོད་པའི་དབང་ཆ་ཡོད་ཀྱང་། དེའི་བྱ་སྤྱོད་དེ་ཚད་ལས་བརྒལ་བ་དང་དང་ལེན་བྱེད་མི་ཐུབ་པ་ཞིག་རེད་ཟེར། དབྱི་སི་རལ་གྱི་འགས་གཏོར་འགུལ་སྐྱོད་ངེས་པར་དུ་མཚམས་འཇོག་དགོས་ལ། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མྱུར་མོར་སླར་གསོ་བྱས་ཏེ། ངེས་པར་དུ་རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་ལ་བརྩི་འཇོག་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་ཟེར།

ཐཱ་ཡཱ་ནེ་ཡིས་ནན་གྱིས་བསྟན་དོན། དབྱི་ཐཱ་ལི་ཡིས་ཕཱ་ལེ་སི་ཐན་གྱི་མི་ཅཱ་ཧྲ་ས་ཁུལ་ནས་མཐར་སྐྲོད་གཏོང་བར་ངོ་རྒོལ་བྱེད་པ་དང་། ཕཱ་ལེ་སི་ཐན་གྱི་མི་ཅཱ་ཧྲ་ས་ཁུལ་ནས་མཐར་སྐྲོད་གཏོང་བ་དེ་དང་ལེན་བྱེད་ཐུབ་པའི་དོན་ཞིག་ཏུ་འགྱུར་མི་སྲིད་ལ། ཞི་བདེ་མངོན་འགྱུར་བྱེད་པའི་ཐབས་ལམ་ཉག་ཅིག་ནི་ཆབ་སྲིད་འཕེལ་རིམ་མགོ་བརྩམས་ནས། ཕཱ་ལེ་སི་ཐན་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཀྱི་ཞི་བདེ་མཉམ་གནས་མངོན་འགྱུར་བྱེད་རྒྱུ་དེ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།