ཧྲི་ཕའོ་མའོ་ཡིས་འཇར་པན་གྱིས་ངེས་པར་དུ་འཐབ་འཁྲུག་ལོ་རྒྱུས་ཀྱི་བསླབ་བྱ་བསྡུ་ལེན་བྱེད་དགོས་པའི་ཚུལ་བསྟན།
2025.05.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཧྲི་ཕའོ་མའོ་ཡིས་ཚེས29ཉིན་བསྟན་དོན། ད་ལོ་ནི་འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་སྒྲིལ་ནས་ལོ་ངོ80འགོར་བའི་ལོ་ཡིན་པ་དང་། འཇར་པན་གྱིས་ངེས་པར་དུ་སྐྱོ་སྡུག་གི་དྲན་པ་དེ་དང་ལོ་རྒྱུས་ཁྲོད་ནས་བསླབ་བྱ་བསྡུ་ལེན་བྱེད་དགོས་ཟེར།

ཧྲི་ཕའོ་མའོ་ཡིས་ཉིན་དེར་ཏུང་ཅིང་ནས་བསྡུས་པའི་སྐབས་སུམ་ཅུ་བའི་ཨེ་ཤ་ཡཱ་གླིང་གི་མ་འོངས་པ་ཞེས་པའི་རྒྱལ་སྤྱིའི་གླེང་སྟེགས་སྟེང་བཤད་རྒྱུར། འཇར་པན་སྔོན་ཆད་ཀྱི་འཐབ་འཁྲུག་གི་ལམ་དུ་ཡང་བསྐྱར་ཞུགས་མི་སྲིད་པར་འཐབ་འཁྲུག་རྗེས་ཀྱི་ཞི་བདེའི་རྒྱལ་ཁབ་ཀྱི་ལམ་དུ་བསྐྱོད་བཞིན་ཡོད་ལ། དེ་ཕྱིན་ཆད་ཀྱང་འགྱུར་མི་སྲིད་ཟེར།

ཧྲི་ཕའོ་མའོ་ཡིས་བཤད་རྒྱུར། ཁོས་ཁེངས་སྐྱུང་སྒོས་ཨེ་ཤ་ཡཱའི་རྒྱལ་ཁབ་སོ་སོའི་ལོ་རྒྱུས་དང་རིག་གནས་ལ་སློབ་སྦྱོང་བྱེད་འདོད་ཡོད། འཇར་པན་གྱིས་ཨེ་ཤ་ཡཱ་གླིང་གི་རྒྱལ་ཁབ་སོ་སོའི་བར་གྱི་དཔལ་འབྱོར་འབྲེལ་བ་ཇེ་ཟབ་ཏུ་གཏོང་དགོས་པར་མ་ཟད། ངེས་པ་དོན་གྱི་ཡིད་ཆེས་ཆགས་པར་བྱེད་དགོས་ཟེར།

ཨེ་ཤ་ཡཱ་གླིང་གི་མ་འོངས་པ་ཞེས་པའི་རྒྱལ་སྤྱིའི་གླེང་སྟེགས་དེ1995ལོའི་ཚུན་ལ་ལོ་རེ་ཐེངས་རེ་སྤེལ་བ་དང་། འཇར་པན་དཔལ་འབྱོར་གསར་འགྱུར་ཁང་གིས་གཙོ་སྒྲུབ་བྱེད་པ་རེད། སྐབས་འདིའི་གླེང་སྟེགས་ཀྱི་ཚོགས་ཡུན་ཉིན་གཉིས་ཡིན་པ་དང་། བརྗོད་སྙིང་ནི་ཉམས་སད་ཀྱིས་ཁེངས་པའི་འཛམ་གླིང་། དཀའ་ཁག་གདོང་གིས་བསུ་བའི་ཨེ་ཤ་ཡཱ་ཞེས་པ་དེ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།