འཛམ་གླིང་ཡོངས་ཀྱི་ཆུའི་ཐོན་ཁུངས་རྩ་འཛུགས་ཀྱིས་སོ་ཏི་ཨ་རབ་ནས་དངོས་སུ་ལས་གཉེར་བྱེད་མགོ་བརྩམས།
2025.05.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

འཛམ་གླིང་ཡོངས་ཀྱི་ཆུའི་ཐོན་ཁུངས་རྩ་འཛུགས་ཀྱིས་ཚེས28ཉིན་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལེ་ཡཱ་ཏི་ནས་དངོས་སུ་ལས་གཉེར་བྱེད་མགོ་བརྩམས། སོ་ཏི་ཨ་རབ་སོགས་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཉིན་དེར་འཛམ་གླིང་ཡོངས་ཀྱི་ཆུའི་ཐོན་ཁུངས་རྩ་འཛུགས་ཀྱི་སྒྲིག་ཡིག་བཀོད།

སོ་ཏི་ཨ་རབ་ཀྱི་འཕྲིན་གཏོང་ཁང་གིས་ཚེས28ཉིན་བསྒྲགས་པ་ལྟར་ན། སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར་ཉིན་དེར་བསྡུས་པའི་འཛམ་གླིང་ཡོངས་ཀྱི་ཆུའི་ཐོན་ཁུངས་རྩ་འཛུགས་ཀྱི་སྒྲིག་ཡིག་འགོད་པའི་མཛད་སྒོར་ཞུགས་ཏེ་ཞུ་ཚིག་ཕུལ། ཁོས་ཞུ་ཚིག་འབུལ་སྐབས་ནན་གྱིས་བསྟན་དོན། འཛམ་གླིང་ཡོངས་ཀྱི་ཆུའི་ཐོན་ཁུངས་རྩ་འཛུགས་དེ་སྤྱིའི་བྱེད་ཐབས་ལ་བརྟེན་ནས་འཛམ་གླིང་ཡོངས་ཀྱི་ཆུའི་ཐོན་ཁུངས་གནད་དོན་ཐག་གཅོད་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཟེར།

ཁོས་བསྟན་དོན། རྩ་འཛུགས་དེས་ལས་གཉེར་བྱེད་མགོ་བརྩམས་པ་ལས་སོ་ཏི་ཨ་རབ་ཀྱིས་རྒྱལ་སྤྱིའི་གྲོས་འདོན་ལ་ཤུགས་སྣོན་པ་དང་། རྒྱལ་ཁབ་དང་སྲིད་གཞུང་བར་གྱི་མཉམ་ལས་གྲོགས་པོའི་འབྲེལ་བར་བརྟེན་ནས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་པའི་དམ་བཅའི་ཐད་འབད་འབུངས་བྱེད་པ་མངོན་པར་མཚོན་ཡོད་ལ། སོ་ཏི་ཨ་རབ་ཀྱིས་རྩ་འཛུགས་དེ་རྒྱུན་མཐུད་ཀྱི་ཐག་གཅོད་ཇུས་གཞིར་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཆུའི་ཐོན་ཁུངས་བེད་སྤྱོད་ནུས་པ་མཐོར་འདེགས་གཏོང་བར་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་སྟེགས་བུ་ཞིག་ཏུ་འགྱུར་བར་རེ་སྒུག་བྱེད་བཞིན་ཡོད་ཟེར།

སོ་ཏི་ཨ་རབ་ཀྱི་ཁོར་ཡུག་དང་ཆུ་བེད། ཞིང་ལས་བཅས་ཀྱི་བློན་ཆེན་ཧྥ་ཏི་ལེ་ཡིས་ནན་གྱིས་བསྟན་དོན། འཛམ་གླིང་ཡོངས་ཀྱི་ཆུའི་ཐོན་ཁུངས་རྩ་འཛུགས་ཀྱི་སྒྲིག་ཡིག་བཀོད་པ་དང་དེས་ལེ་ཡཱ་ཏི་ནས་ལས་གཉེར་བྱེད་མགོ་བརྩམས་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པའི་ཐད་ཀྱི་ཐུན་མོང་འགན་འཁྲི་སྔར་ལས་ཇེ་དྲག་ཏུ་བཏང་ཡོད་ཟེར།

ཁོས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་ཆུའི་ཐོན་ཁུངས་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་བྱ་བར་སྣེ་ཁྲིད་བྱས་ཏེ། ཆུ་དང་འབྲེལ་བའི་འགྲན་རྩོད་ཐག་གཅོད་བྱེད་པ་དང་སྲོལ་རྒྱུན་གྱི་ཆུའི་ཐོན་ཁུངས་དོ་དམ་བྱེད་ཐབས་བསྒྱུར་ཐུབ་ངེས་རེད། འགྲན་རྩོད་དེ་དག་ཆུའི་ཐོན་ཁུངས་དཀོན་པོའི་གནས་ཚུལ་ལ་འབྲེལ་བ་ཡོད་པར་མ་ཟད། དུས་དང་ཡུལ་ངེས་ཅན་ནས་ཆུའི་ཐོན་ཁུངས་ཐོབ་པ་མངོན་འགྱུར་བྱེད་པར་འགན་སྲུང་བྱེད་པར་ཡང་འབྲེལ་བ་ཡོད། ཆུའི་དཔལ་འབྱོར་དང་སྤྱི་བའི་འཕྲོད་བསྟེན། འབྲུ་རིགས་བདེ་འཇགས། མཁོ་འདོན་མུ་འབྲེལ་བཅས་དང་། ཁྱད་པར་དུ་ནམ་ཟླའི་འགྱུར་ལྡོག་གི་གནས་ཚུལ་འོག་གི་ཤུགས་རྐྱེན་ལ་ངོས་འཛིན་གསལ་བོ་བྱེད་དགོས་ཟེར།

མཛད་སྒོའི་སྟེང་། སོ་ཏི་ཨ་རབ་དང་ཁི་ཝེ་ཐི། ཁཱ་ཐར། སི་ཕན། སེ་ནེ་ཀལ། ཕཱ་ཁི་སི་ཐན། ཞི་ལཱ། མའོ་ལི་ཐཱ་ནེ་ཡཱ་སོགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འཐུས་མི་དག་གིས་འཛམ་གླིང་ཡོངས་ཀྱི་ཆུའི་ཐོན་ཁུངས་རྩ་འཛུགས་ཀྱི་སྒྲིག་ཡིག་བཀོད།


བསོད་ནམས་ཚེ་རིང་གིས་བསྒྱུར།