ཁམ་ཕུ་ཀྲེ་དང་ཐེ་གོ་ཡིས་མཐའ་མཚམས་ས་ཁུལ་ནས་འཁྲུག་རྩོད་འབྱུང་བར་སྔོན་འགོག་བྱེད་ཆེད་རང་ཚོད་འཛིན་པར་འཐད་པ་བྱུང་།
2025.05.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཁམ་ཕུ་ཀྲེའི་སྐམ་དམག་གིས་ཚེས29ཉིན་གྱི་གསལ་སྒྲོག་སྤེལ་ཏེ། ཁམ་ཕུ་ཀྲེ་དང་ཐེ་གོ་རྒྱལ་ཁབ་གཉིས་ཀྱིས་གྲོས་མཐུན་བཀོད་དེ། མཐའ་མཚམས་ས་ཁུལ་ནས་འཁྲུག་རྩོད་འབྱུང་བར་སྔོན་འགོག་བྱེད་ཆེད་རང་ཚོད་འཛིན་པར་འཐད་པ་བྱུང་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། གྲོས་མཐུན་དེ་ནི་ཁམ་ཕུ་ཀྲེའི་སྐམ་དམག་གི་དམག་སྤྱི་མའོ་སོ་ཕན་དང་ཐེ་གོའི་སྐམ་དམག་གི་དམག་སྤྱི་ཕཱ་ནཱ་གཉིས་ཀྱིས་ཁམ་ཕུ་ཀྲེའི་ཨོ་ཏའོ་མེན་ཅི་ཞིང་ཆེན་དང་ཐེ་གོའི་སུའུ་ལིན་མངའ་སྡེའི་མཐའ་མཚམས་ཞིབ་བཤེར་ས་ཚིགས་ནས་གྲོས་མོལ་བྱེད་སྐབས་བཀོད་པ་རེད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་མཉམ་འབྲེལ་གྱི་མཐའ་མཚམས་ཨུ་ཡོན་ལྷན་ཁང་དང་། ཁམ་ཕུ་ཀྲེ་དང་ཐེ་གོའི་མཐའ་མཚམས་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་གཉིས་ཀྱིས2000ལོར་བཀོད་པའི་བཟོད་སྒོམ་བརྗེད་ཐོ་སོགས་ད་ཡོད་ཀྱི་རྐྱེན་སྲོལ་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་དགོས་ཟེར།

ཁམ་ཕུ་ཀྲེ་དང་ཐེ་གོའི་དམག་དཔུང་གིས་ཚེས28ཉིན་མཐའ་མཚམས་རྩོད་གླེང་ས་ཁུལ་ནས་དུས་ཡུན་ཐུང་ངུའི་རིང་འཁྲུག་རྩོད་བྱས་པ་དང་། འཁྲུག་རྩོད་དེ་སྐར་མ་བཅུ་ཙམ་འགོར་ཡོད་ལ། ཁམ་ཕུ་ཀྲེའི་དམག་མི་གཅིག་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར།

ཐེ་གོའི་ཙུང་ལི་ཕའེ་ཐུང་ཡོན་དང་ཁམ་ཕུ་ཀྲེའི་དབུ་བཞུགས་བློན་ཆེན་ཧོང་མཱ་ནེ་གཉིས་ཀྱིས་ཚེས29ཉིན་བསྟན་དོན། འཁྲུག་རྩོད་དེ་ཛ་དྲག་ཏུ་གཏོང་མི་འདོད་པ་དང་། གྲོས་མོལ་ལ་བརྟེན་ནས་མཐའ་མཚམས་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།