སྨྱན་བྱད་ཀྱིས་ཉེ་སྔོན་དབྱི་ལིང་དང་ཨ་མེ་རི་ཁས་མི་འགྱངས་པར་གྲོས་མཐུན་འགོད་ལ་ཉེ་བའི་ཚོད་དཔག་བྱེད་པར་དམིགས་ནས། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ཡིས་ཚེས29ཉིན་བསྟན་དོན། ང་ཚོས་གྲོས་མཐུན་འགོད་ཐུབ་མིན་ལ་ངེས་གཏན་མེད་ཟེར།
ཨ་ལཱ་ཀི་ཆི་ཡིས་ཉིན་དེར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། དབྱི་ལིང་གིས་ལྷག་བསམ་རྣམ་དག་གིས་ཕྱོགས་སོ་སོའི་ཁེ་ཕན་དང་འཚམ་པའི་ཕྱི་འབྲེལ་གྱི་ཐག་གཅོད་ཇུས་གཞི་ཞིག་འཚོལ་ཞིབ་བྱེད་བཞིན་ཡོད་ཀྱང་། དམིགས་འབེན་དེ་མངོན་འགྱུར་བྱེད་པར་ཕྱོགས་ཡོངས་ནས་བཀག་སྡོམ་མཚམས་འཇོག་དགོས་པར་མ་ཟད། དབྱི་ལིང་གི་ཉིང་རྡུལ་ནུས་པའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་གྲོས་མཐུན་ཞིག་འགོད་དགོས་ལ། གྲོས་མཐུན་འགོད་པའི་ཐབས་ལམ་དེ་གྲོས་མོལ་མིན་པ་ལས་སྨྱན་བྱད་མིན་ཟེར།
ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས28ཉིན་ཕོ་བྲང་དཀར་པོ་ནས་སྨྱན་བྱད་ལ་བསྟན་དོན། ཨ་མེ་རི་ཁ་དང་དབྱི་ལིང་གིས་ཐག་གཅོད་ཇུས་གཞི་འགོད་ལ་ཉེ་བ་དང་། ད་ལྟའི་གནས་ཚུལ་ལ་འགྱུར་ལྡོག་ངེས་མེད་དུ་འབྱུང་སྲིད་ལ། ཁ་པར་གཅིག་གིས་ཀྱང་ཡོད་ཚད་བསྒྱུར་སྲིད། གྲོས་མཐུན་དེ་མ་འོངས་པའི་གཟའ་འཁོར་འགའི་ནང་འགོད་ཐུབ་ངེས་ཡིན་ཟེར།
དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱེ་ཡི་ཆབ་སྲིད་བློ་འདོན་པ་ཧྲ་མུའུ་ཧཱ་ནེ་ཡིས་ཚེས29ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས་ཐི་ལིང་ཕུའུ་ཡི་གོང་གི་གཏམ་བཤད་དེར་ལན་འདེབས་སྐབས་བསྟན་དོན། གྲོས་མོལ་ནི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་ཁེ་ཕན་ལ་འགན་སྲུང་བྱེད་པ། རྒྱལ་ཁབ་ཀྱི་ལ་རྒྱར་སྲུང་སྐྱོབ་བྱེད་པའི་ཡོ་བྱད་ཅིག་ཡིན་པ་ལས། གཞན་ལ་བཙན་པོ་གཉའ་འཇོག་བྱེད་པ་ཞིག་མིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།