ཝུའུ་ཁི་ལན་གྱི་སྲིད་འཛིན་ཙེ་ལིན་སི་ཅིས་ཀྱིས་ཚེས་སུམ་ཅུ་ཉིན་གྱི་དགོང་མོར་སྤྱི་འབྲེལ་སྨྱན་སྦྱོར་སྟེང་བཤད་རྒྱུར། ཁོས་ཉིན་དེར་ཐུར་ཁེའི་སྲིད་འཛིན་ཨེ་ཨར་ཏོ་ཨན་ལ་ཁ་པར་བཏང་ནས། ཝུའུ་ཁུ་ལན་དང་ཨུ་རུ་སི་གཉིས་ཀྱིས་ཐུར་ཁེའི་གྲོང་ཁྱེར་དབྱི་སི་ཐན་པོར་ནས་སྐབས་གསར་བའི་གྲོས་མོལ་བྱེད་པའི་སྐོར་གླེང་བ་ཡིན་ཟེར།
ཙེ་ལིན་སི་ཅིས་ཨེ་ཨར་ཏོ་ཨན་དང་ཐུར་ཁེ་ཡིས་ཝུའུ་ཁུ་ལན་གྱི་མངའ་ཁོངས་ཆ་ཚང་བ་དང་བདག་དབང་ཕྱོགས་ཀྱི་རྩ་དོན་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། བཟུང་དམག་བརྗེ་སྤོར་བྱེད་པ་ནི་ཐོག་དང་པོའི་དབྱི་སི་ཐན་པོར་གྲོས་མོལ་སྟེང་བླངས་པའི་གྲུབ་འབྲས་ཉག་གཅིག་པུ་དེ་རེད། མུ་མཐུད་དུ་ཞི་བདེ་ལ་ཕྱོགས་པའི་ཆེད་དུ། ཨུ་རུ་སི་དང་ཝུའུ་ཁུ་ལན་གྱིས་ངེས་པར་དུ་དམག་འཁྲུག་མཚམས་འཇོག་དགོས་ཟེར།
ཙེ་ལིན་སི་ཅིས་བཤད་རྒྱུར། ཁོས་སྐབས་གསར་བའི་གྲོས་མོལ་ལ་ཞུགས་པར་ཝུའུ་ཁི་ལན་ཕྱོགས་ཀྱིས་བཏོན་པའི་གྲོས་ཞུགས་ཆ་རྐྱེན་སྐོར་ནས་ཨེ་ཨར་ཏོ་ཨན་དང་གྲོས་མོལ་བྱས་ལ། སྐབས་གསར་བའི་གྲོས་མོལ་ལ་གྲུབ་འབྲས་མེད་མི་རུང་ཟེར།
དེ་ལས་གཞན་ཕྱོགས་གཉིས་ཀྱིས་ད་རུང་ཝུའུ་ཁི་ལན་དང་ཨུ་རུ་སི། ཐུར་ཁེ། ཨ་མེ་རི་ཁ་བཅས་རྒྱལ་ཁབ་བཞིའི་འགོ་ཁྲིད་གྲོས་མོལ་ལ་ཞུགས་སྲིད་པའི་སྐོར་ནས་ཀྱང་གྲོས་སྡུར་བྱས།
ཙེ་ལིན་སི་ཅིས་ཉིན་དེའི་དགོང་མོ་བརྙན་རིས་གཏམ་བཤད་སྤེལ་ནས་བཤད་དོན། ཝུའུ་ཁི་ལན་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱིས་མིག་སྔར་ཨུ་རུ་སི་ཕྱོགས་ཀྱིས་དམག་འཁྲུག་མཚམས་འཇོག་པའི་གྲ་སྒྲིག་སྐོར་གྱི་འབྲེལ་ཡོད་ཆ་འཕྲིན་ཅི་ཡང་ཤེས་རྟོགས་མ་བྱུང་། ཨུ་རུ་སི་ཕྱོགས་ཀྱིས་རྒྱུ་རྐྱེན་ག་གེ་མོའི་དབང་གིས་ཡིག་ཆ་དེ་གསང་སྦེད་བྱས་བྱུང་། ཨུ་རུ་སི་ལ་གནོན་ཤུགས་གསར་བ་སྤྲོད་རན་འདུག་ཟེར།
ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུ་ལོ་ཧྥུ་ཡིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཐད་ཀའི་གྲོས་མོལ་རྗེས་ཀྱིས་རེས་སྐོར་གཉིས་པའི་གྲོས་མོལ་དེ་ཟླ་དྲུག་པའི་ཚེས་གཉིས་ཉིན་དབྱི་སི་ཐན་པོར་ནས་སྤེལ་རྒྱུ་ཡིན་ཟེར། ཨུ་རུ་སིའི་འཐུས་ཚབ་ཚོགས་པས་གྲོས་མོལ་སྐབས་སུ་ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པར་འབྲེལ་ཡོད་ཡིག་ཆ་བརྒྱུད་སྤྲོད་དང་གསལ་བཤད་བྱ་རྒྱུ་ཡིན། ཝུའུ་ཁི་ལན་རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་ཝུའུ་མེ་ལུའོ་ཧྥུ་ཡིས་ཉིན་དེའི་དགོང་མོར་སྤྱི་འབྲེལ་སྨྱན་སྦྱོར་སྟེང་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་ཨུ་རུ་སི་ལ་དམག་འཁྲུག་མཚམས་འཇོག་པའི་སྐོར་གྱི་ཡིག་ཆ་སྤྲད་ཟིན། འོན་ཀྱང་ཨུ་རུ་སི་ཕྱོགས་ཀྱིས་དམག་འཁྲུག་མཚམས་འཇོག་པའི་ལངས་ཕྱོགས་ཀྱི་ཡིག་ཆ་དུས་ཚོད་ལྟར་སྤྲད་མ་བྱུང་ཟེར། ཁོས་ཨུ་རུ་སི་ཕྱོགས་ཀྱིས་ཡིག་ཆ་སྤྲོད་པར་འགོར་འགྱངས་བྱས་པར་སྐྱོན་བརྗོད་བྱས།
ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཐུས་ཚབ་ཚོགས་པས་ཟླ་འདིའི་ཚེས་བཅུ་དྲུག་ཉིན་དབྱི་སི་ཐན་པོར་ནས་ཐད་ཀའི་གྲོས་མོལ་བྱས་པ་དང་། དེ་ནི་ཕྱོགས་གཉི་ཀ་ལོ་གསུམ་ལྷག་གི་རིང་ལ་ཐོག་དང་པོར་ངོ་འཕྲད་ནས་གྲོས་མོལ་བྱས་པ་རེད། ཕྱོགས་གཉིས་ཀྱིས་བཟུང་དམག་སྟོང་གཅིག་ཕན་ཚུན་བརྗེ་སྤོར་བྱེད་པར་ཐུན་མོང་གི་ངོས་འཛིན་བྱུང་། དུས་མཉམ་དུ་གཞི་རྩའི་སྟེང་མུ་མཐུད་དུ་འབྲེལ་འདྲིས་དང་གྲོས་མོལ་བྱེད་པར་འཐད་པ་བྱུང་། ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཚེས་བཅུ་དགུ་ཉིན་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ལ་ཁ་པར་བཏང་ནས། ཕྱོགས་གཉིས་ཀྱིས་དམག་འཁྲུག་མཚམས་འཇོག་པའི་ཕྱོགས་ནས་རྒྱལ་ཁབ་གཉིས་ཀྱི་ཞི་བདེ་གྲོས་མཐུན་གྱི་ཡིག་ཆ་ཞིག་འབྲི་བར་ཞིབ་འཇུག་བྱེད་པའི་གྲ་སྒྲིག་བྱ་རྒྱུ་ཡིན་ཟེར།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།