ཁུ་པ་ཕྱི་འབྲེལ་པུའུ་ཡིས་ཨ་མེ་རི་ཁའི་ཁུ་པ་རུ་སྡོད་པའི་གནས་སྐབས་ཚབ་སྒྲུབ་པའི་ཚུལ་མཐུན་མིན་པའི་གཏམ་སྤྱོད་ལ་ངོ་རྒོལ་བྱས།
2025.05.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཁུ་པ་ཕྱི་འབྲེལ་པུའུ་ཡིས་ཚེས་སུམ་ཅུ་ཉིན་ཨ་མེ་རི་ཁའི་ཁུ་པ་རུ་སྡོད་པའི་གནས་སྐབས་ཚབ་སྒྲུབ་པ་མའེ་ཁུ་ཧྭ་མོ་ལ་ཐུག་འཕྲད་བྱས་ནས། མའེ་ཁུ་ཧྭ་མོ་ཁུ་པ་རྒྱལ་ཁབ་ཏུ་འབྱོར་བའི་རིང་ནས་ཐེ་གཏོགས་རིང་ལུགས་དང་མཛའ་མཐུན་གྱི་འབྲེལ་བ་མི་འཛིན་པའི་བྱ་སྤྱོད་དེ་ཕྱི་འབྲེལ་དཔོན་གྱི་ཐོབ་ཐང་དང་འགལ་ཡོད་ལ། ཁུ་པ་མི་དམངས་ལ་བརྩི་བཀུར་མ་བྱས་པ་ཡང་རེད་ཅེས་ངོ་རྒོལ་བྱས།

ཁུ་པ་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་བ་ལྟར་ན། ཁུ་པ་ཕྱི་འབྲེལ་པུའུ་ཨ་མེ་རི་ཁའི་སྤྱི་ཁྱབ་དམག་འཛིན་གྱི་ཕྱོགས་གཉིས་དོན་གཅོད་དཔོན་ཡ་ལི་ཧང་ཏི་ལུའོ་ཅཱ་ཞི་ཡ་ཏི་ཨར་ཐོ་ལོ་ཡིས་ཧྭ་མོ་ལ་རྒོལ་གཏམ་ཡིག་ཆ་སྐུར། ཅཱ་ཞི་ཡ་ཡིས་བསྟན་དོན། ཧྭ་མོ་ཡིས་ཁུ་པའི་མི་དམངས་ལ་ནག་ཉེས་ཚབས་ཆེན་གྱི་བྱ་སྤྱོད་སྤེལ་ནས། རྩ་ཁྲིམས་ཀྱི་གོ་རིམ་ལ་རྒོལ་རྡུང་བྱས་པ་དང་། མི་དམངས་ཀྱིས་ངོ་རྒོལ་བྱེད་པར་སྐུལ་ལྕགས་བྱས་ཏེ། ཕྱི་ཕྱོགས་དགྲ་བོའི་སྟོབས་ཤུགས་ཀྱི་ཁེ་ཕན་དང་དམིགས་འབེན་ལ་རྒྱབ་སྐྱོར་བྱས་པ་རེད། དེ་ནི་བསྙད་བརྐོ་བ་དང་འགན་མི་ཁུར་བའི་བྱ་སྤྱོད་ཅིག་ཡིན་པ་མ་ཟད། ཝེ་ཡེ་ན་ཕྱི་འབྲེལ་འབྲེལ་བའི་སྤྱི་ཆིངས་དང་ཡང་འགལ་ཡོད་ལ། ཁུ་པ་དང་ཨ་མེ་རི་ཁའི་ཕྱི་འབྲེལ་འབྲེལ་བ་སླར་གསོ་བྱེད་སྐབས་ཀྱི་གྲོས་མཐུན་ལའང་འགལ་ཡོད་ཟེར། ཅཱ་ཞི་ཡ་ཡིས་ད་རུང་ནན་གྱི་བསྟན་དོན། ཕྱི་འབྲེལ་བསྐོ་འཇོག་དབང་ཆ་ནི་ཁུ་པའི་བྱ་བར་གཏོར་བརླག་བྱེད་པའི་ལག་ཆ་བྱས་མི་ཆོག་ཟེར།

ཧྭ་མོ་ནི་ཉིས་སྟོང་ཉེར་བཞི་ལོའི་ཟླ་བཅུ་གཅིག་པར་ཨ་མེ་རི་ཁའི་ཁུ་པར་སྡོད་པའི་གནས་སྐབས་ཚབ་སྒྲུབ་པར་བསྐོས་པ་རེད། སྨྱན་སྦྱོར་ལས་བསྒྲགས་པ་ལྟར་ན། ཧྭ་མོ་ཡིས་ཨ་མེ་རི་ཁའི་ཨ་མིས་ཧྲི་གྲོང་ཁྱེར་དུ་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཞིག་ནས་བཤད་དེ། ཨ་མེ་རི་ཁ་ཕྱོགས་ཀྱིས་མ་འོངས་པར་བྱེད་ཐབས་སྔར་ལས་མང་པོ་བཏོན་ནས། ཁུ་པ་ལ་བཀག་སྡོམ་བྱ་རྒྱུ་རེད་ཟེར།

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།