ཨ་མེ་རི་ཁའི་ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་ཚེས་སུམ་ཅུ་ཉིན་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་གྱི་ཁྲིམས་ཁང་གི་བཀའ་རྒྱ་རྩིས་མེད་བཟོས་ནས། ཐི་ལིང་ཕུའུ་ཡིས་ཁུ་པ་དང་ཧའེ་ཏི། ཉི་ཅ་ལ་ཀ ཝེ་ནེ་ཙུའུ་ལ་སོགས་རྒྱལ་ཁབ་བཞིའི་གནས་སྤོས་སྡོད་དམངས་འབུམ་ལྔ་དང་ཁྲི་གཅིག་གི་གནས་སྐབས་ཁྲིམས་མཐུན་གྱི་ཐོབ་ཐང་བླངས་ཆོག་པར་བྱས།
དེ་སྔོན། ཆེས་མཐོ་ཁྲིམས་ཁང་གིས་ཐི་ལིང་ཕུའུ་སྲིད་གཞུང་གིས་ཝེ་ནེ་ཙུའུ་ལའི་གནས་སྤོས་སྡོད་དམངས་འབུམ་གསུམ་དང་ཁྲི་ལྔ་ཡི་གནས་སྐབས་ཁྲིམས་མཐུན་ཐོབ་ཐང་མེད་པར་བཟོས་ཆོག་པའི་གྱོད་གཞི་ཞིག་ཁྲུན་བཅད་བྱས་འདུག
ཨ་མེ་རི་ཁའི་སྨྱན་སྦྱོར་གྱིས་བཤད་པ་ལྟར་ན། ཆེས་མཐོ་ཁྲིམས་ཁང་གི་གོང་གསལ་ཁྲུན་བཅད་དེ་ནི་ཐི་ལིང་ཕུའུ་སྲིད་གཞུང་གིས་གནས་སྤོས་སྡོད་དམངས་ཁྲི་བརྒྱ་ལྷག་ཕྱིར་བདའ་བར་སྟབས་བདེ་བཟོ་བ་རེད་ཟེར།
ཨ་མེ་རི་ཁ་དང་མོ་སི་ཁོའི་མཐའ་མཚམས་ས་ཁུལ་དུ་གནས་སྤོས་སྡོད་དམངས་མཚམས་མ་ཆད་པར་ཡོང་བའི་གནད་དོན་ཐག་གཅོད་བྱ་ཆེད། ཨ་མེ་རི་ཁའི་སྐབས་སྔོན་མའི་སྲིད་གཞུང་གིས་ཉེར་སྟོང་ཉེར་གཉིས་ལོའི་ལོ་མཇུག་དང་། ཉེར་གསུམ་ལོའི་ལོ་སྟོད་ལ་ཁུ་པ་དང་ཧའེ་ཏི། ཉི་ཅ་ལ་ཀ ཝེ་ནེ་ཙུའུ་ལ་བཅས་རྒྱལ་ཁབ་བཞིའི་གནས་སྤོས་སྡོད་དམངས་ལ་འཆར་གཞི་ཞིག་བཀོད་ནས། ཁོ་ཚོ་གོ་རིམ་ངེས་ཅན་བརྒྱུད་རྗེས་ཨ་མེ་རི་ཁ་ནས་ལོ་གཉིས་ལ་བྱ་བ་སྒྲུབ་ཆོག་པའི་གྲོས་མཐུན་བཀོད་ཡོད། སྲིད་ཇུས་འདིས་ཕལ་ཆེར་མི་འབོར་འབུམ་ལྔ་དང་ཁྲི་གསུམ་ལྷག་ཨ་མེ་རི་ཁ་ནས་ཕྱིར་བདའ་རྒྱུ་རེད།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།