སི་རི་ཡའི་བརྙན་འཕྲིན་ཁང་གིས་ཚེས་སུམ་ཅུ་ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་འཐབ་འཁྲུག་གནམ་གྲུས་ཉིན་དེའི་དགོང་མོར་སི་རི་ཡའི་ནུབ་ཕྱོགས་ཀྱི་རྒྱ་མཚོའི་འགྲམ་ནས་ལ་ཐ་ཅི་ཡ་ཞིང་ཆེན་ནང་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ནས། མི་སེར་གཅིག་རྐྱེན་ལམ་དུ་ཤོར།
བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ལྭ་ཐ་ཅི་ཡ་ཞིང་ཆེན་ཅེ་པུ་ལེ་གྲོང་རྡལ་ཀྲ་མ་སྡེ་བའི་ཉེ་འགྲམ་གྱི་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས། དབྱི་སི་རལ་གྱི་དམག་མིས་ཉིན་དེའི་དགོང་མོ་ད་རུང་ཐ་ཨར་ཐུའུ་སི་ཞིང་ཆེན་ལའང་བར་སྣང་འཇབ་རྒོལ་བྱས།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཚེས་སུམ་ཅུ་ཉིན་གྱི་དགོང་མོ་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱི་དམག་མིས་ཉིན་དེའི་དགོང་མོ་སི་རི་ཡའི་ལྭ་ཐ་ཅི་ཡ་ཞིང་ཆེན་གྱི་འབར་འདེད་བཞག་ཡོད་པའི་དྲག་ཆས་མཛོད་ཉར་སྒྲིག་ཆས་ལ་བར་སྣང་འཇབ་རྒོལ་བྱས་པ་ཡིན། གཞན་བར་སྣང་དང་ས་ཐོག་ལ་ཁ་གཏད་པའི་འབར་འདེད་ཀྱི་ལྷུ་ལག་སྐོར་ཞིག་ལའང་འཇབ་རྒོལ་བྱས་པ་ཡིན་ཟེར།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།