དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་གིས་ཧ་མ་སིས་ཨ་མེ་རི་ཁས་བཏོན་པའི་དམག་འཁྲུག་མཚམས་འཇོག་པའི་འཆར་འགོད་དང་ལེན་མ་བྱས་ན་རྩ་འཛུགས་དེ་རྩ་མེད་བཟོ་རྒྱུ་ཡིན་ཟེར།
2025.05.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཁ་ཚི་ཡིས་ཚེས་སུམ་ཅུ་ཉིན་སྤྱི་འབྲེལ་སྨྱན་སྦྱོར་སྟེང་བཤད་རྒྱུར། ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧ་མ་སིས་ངེས་པར་དུ་གདམ་ཀ་བྱེད་དགོས། ཡང་མིན་ན་ཨ་མེ་རི་ཁས་བཏོན་པའི་དམག་འཁྲུག་མཚམས་འཇོག་པའི་འཆར་འགོད་དང་ལེན་བྱེད་དགོས། ཡང་མིན་ན་རྩ་མེད་བཟོ་རྒྱུ་ཡིན་ཟེར།

ཁ་ཚི་ཡིས་བཤད་རྒྱུར། དབྱི་སི་རལ་གྱི་དམག་མིས་ནུས་ཤུགས་ཡོད་རྒུས་ཅ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་ནས། ཧ་མ་སིའི་རྟེན་གཞི་རྩ་མེད་དུ་གཏོང་རྒྱུ་ཡིན། དུས་མཉམ་དུ་འཐབ་ཁུལ་ན་ཡོད་པའི་མི་སེར་རྣམས་རྒྱང་བཀྱེད་དགོས། དབྱི་སི་རལ་གྱི་དམག་མིས་ས་ཁུལ་དེ་དག་བསྟུད་མར་བརྟན་སྲུང་བྱེད་རྒྱུ་ཡིན་པ་དང་། དབྱི་སི་རལ་གྱིས་ཐབས་ལམ་དེ་སྤྱད་ནས་བཀག་ཉར་བྱས་མི་མི་སྣ་རྣམས་གློད་གྲོལ་དང་ཧ་མ་སི་ཕམ་པར་རྒྱག་པའི་འཐབ་འཁྲུག་དམིགས་འབེན་མངོན་འགྱུར་བྱ་རྒྱུ་ཡིན།

ཕོ་བྲང་དཀར་པོའི་དཔོན་རིགས་ཀྱིས་ཚེས་ཉེར་དགུ་ཉིན་བཤད་རྒྱུར། དབྱི་སི་རལ་གྱིས་ཨ་མེ་རི་ཁས་བཏོན་པའི་ཉིན་དྲུག་བཅུའི་རིང་ཅ་ཧྲ་ས་ཁུལ་དུ་དམག་འཁྲུག་མཚམས་འཇོག་པའི་འཆར་འགོད་དང་ལེན་བྱས་ཡོད་ཟེར། ཧ་མ་སིའི་མཐོ་རིམ་དཔོན་རིགས་ཀྱིས་ཉིན་དེའི་དགོང་མོ་གསལ་སྒྲོག་སྤེལ་ནས། ཧ་མ་སི་ལ་དབྱི་སི་རལ་གྱི་འཆར་འགོད་དེ་འབྱོར་ཡོད་མོད། དེ་ནང་ཕ་ལི་སི་ཐན་ཕྱོགས་ཀྱི་རེ་འདུན་ལ་བསམ་བློ་བཏང་མི་འདུག་ཟེར།

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།