མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཅ་ཧྲ་ས་ཁུལ་དུ་རེས་སྐོར་འདིའི་དམག་འཁྲུག་ཚུན་གྱི་ཆེས་བཙོག་པའི་གོད་ཆག་རང་བཞིན་གྱི་རྣམ་པ་མངོན་འདུག་ཅེས་བཤད།
2025.06.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པ་སི་ཐི་ཧྥན་ནཱ་ཏིས་ཡ་ལིས་ཁི་ཡིས་ཟླ5པའི་ཚེས30ཉིན་བཤད་རྒྱུར། ཅ་ཧྲ་ས་ཁུལ་དུ་རེས་སྐོར་འདིའི་དམག་འཁྲུག་གི་ཚུན་གྱི་ཆེས་བཙོག་པའི་གོད་ཆག་རང་བཞིན་གྱི་རྣམ་པ་མངོན་འདུག་ཟེར།

ཏིས་ཡ་ལིས་ཁི་ཡིས་ཟླ5པའི་ཚེས30ཉིན་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་ཆོག་མཆན་ཐོབ་ནས་ཅ་ཧྲ་ས་ཁུལ་དུ་འབྱོར་བའི་རོགས་སྐྱོར་དངོས་རྫས་ཀྱིས་ནུས་པ་ཐོན་ཚད་ཤིན་ཏུ་ཆུང་ཞེས་བཤད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཁང་གི་མགྲིན་ཚབ་པ་ཡན་སི་ལའེ་ཁི་ཡིས་ཉིན་དེར་ཉེན་བརྡ་བཏང་ནས། ཅ་ཧྲ་ས་ཁུལ་གྱི་མི་རྣམས་བཀྲེས་ལྟོགས་ཀྱི་ཉེན་ཁ་ལ་འཕྲད་དེ། ས་ཁུལ་འདི་འཛམ་གླིང་སྟེང་གི་ཆེས་བཀྲེས་ལྟོགས་ཀྱིས་མནར་བའི་ས་ཁུལ་དུ་གྱུར་འདུག་ཅེས་བཤད།

ད་ལོའི་ཟླ3པར། དབྱི་སི་རལ་གྱིས་ཡང་བསྐྱར་ཅ་ཧྲ་ས་ཁུལ་ཡང་བསྐྱར་བཀག་སྡོམ་བྱས་པར་མ་ཟད་ས་དེ་རུ་གཞི་རྒྱ་ཆེ་བའི་དམག་དོན་འགུལ་སྐྱོད་སླར་གསོ་བྱས་པས། ས་དེའི་མང་ཚོགས་ལ་གཞི་རྩའི་འཚོ་བའི་དངོས་རྫས་དཀོན་པར་གྱུར་པ་དང་། བཀྲེས་ལྟོགས་ཀྱི་སྡུག་བསྔལ་མྱོང་དགོས་བྱུང་། རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་གནོན་ཤུགས་འོག་ཏུ། གཟའ་འཁོར་སྔོན་མ་ནས་བཟུང་། དབྱི་སི་རལ་གྱིས་རོགས་སྐྱོར་དངོས་རྫས་ཉུང་ཙམ་རེ་ཅ་ཧྲ་ས་ཁུལ་དུ་བསྐྱལ་དུ་བཅུག  མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ཀྱིས་ཅ་ཧྲ་ས་ཁུལ་དུ་རོགས་སྐྱོར་དངོས་རྫས་སྐྱེལ་སྐབས་དབྱི་སི་རལ་གྱིས་རོགས་སྐྱོར་ལས་ཁུངས་ཀྱིས་དེ་མ་ཐག་བཟའ་ཆོག་པའི་ཟས་རིགས་བསྐྱལ་མི་ཆོག་པ་དང་། དངོས་རྫས་སྐྱེལ་སྐབས་དབྱི་སི་རལ་གྱི་རྙོག་འཛིང་གི་ཞིབ་བཤེར་གོ་རིམ་བརྒྱུད་དགོས་པ་སོགས་་ཚོད་འཛིན་རབ་དང་རིམ་པ་བྱས་པར་སྐྱོན་བརྗོད་བྱས།

རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བྱས་ཏེ་ཐོན་རུང་། ཕ་ལི་སི་ཐན་མི་དམངས་ཀྱི་ལག་ཏུ་འབྱོར་ཤིན་ཏུ་དཀའ་སྲིད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ཟླ5པའི་ཚེས29ཉིན། སྐྱེལ་འདྲེན་རླངས་འཁོར་རེ་ལྔ་ཅ་ཧྲ་ས་ཁུལ་གྱི་ལྷོ་ཕྱོགས་དང་དབྱི་སི་རལ་གྱི་འབྲེལ་མཚམས་ཁེ་ལེ་མུའུ་ཧྲ་ལོ་མུའུ་གྲུ་ཁ་བརྒྱུད་དེ་ཅ་ཧྲ་ས་ཁུལ་དུ་འབྱོར་མོད། དེའི་ཁྲོད་ཀྱི་རླངས་འཁོར་དྲུག་ཅུ་དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་ཛ་དྲག་གི་ཁྲོད་ནས་ཕྱིར་མི་ལོག་ག་མེད་བྱུང་། ལྷག་མའི་རླངས་འཁོར་ལྔ་ཡིས་སྨན་བཅོས་རོགས་སྐྱོར་དངོས་རྫས་དྲུད་ནས་ཅ་ཧྲ་ས་ཁུལ་གྱི་འཐབ་སའི་སྨན་ཁང་ཞིག་གི་མཛོད་ཁང་དུ་བསྐྱལ། དེའི་རྗེས་སུ། མཛོད་ཁང་དེའི་ནང་དྲག་ཆས་མི་སྣ་སླེབས་ནས་སྨན་བཅོས་སྒྲིག་ཆས་འབོར་ཆེན་དང་ལུས་གསོ་སྨན་རྫས། བྱིས་པའི་འཚོ་བཅུད་ཁ་གསབ་སྨན་རྫས་སོགས་མང་པོ་འཕྲོག་བཅོམ་བྱས་ནས་ཁྱེར་ཟེར།

ཏིས་ཡ་ལིས་ཁི་ཡིས་ཟླ5པའི་ཚེས30ཉིན་ནན་གྱིས་བསྟན་དོན། སྨན་ཁང་གི་མཛོད་ཁང་ནང་འཕྲོག་བཅོམ་བྱེད་མཁན་དེ་དག་ནི་སྔ་ཉིན་ཟ་མ་འཕྲོག་མཁན་གྱི་ལྟོགས་སྐོམ་མྱོང་བཞིན་པའི་ཕ་ལི་སི་ཐན་གྱི་མི་དམངས་དང་གཏན་ནས་མི་འདྲ་ལ། ཁོ་ཚོ་ནི་རྩ་འཛུགས་ཡོད་པའི་དྲག་ཆས་མི་སྣ་རེད་ཟེར།

དེ་མིན་ད་དུང་མུ་གེའི་ཐོག་ལ་ཟླ་ལྷག་ཅིག་སླེབས་ནས། དབྱི་སི་རལ་དང་ཨ་མེ་རི་ཁས་རྒྱབ་སྐྱོར་བྱེད་པའི་སྒེར་གཉེར་རོགས་སྐྱོར་ལས་ཁུངས་ཅ་ཧྲ་མི་ཆོས་རིང་ལུགས་ཐེབས་རྩ་ཚོགས་པ་ཞེས་པ་དེའི་བྱ་བ་སྒྲུབ་སྟངས་ཀྱང་ཟིང་ཆ་དང་རྙོག་འཛིང་གིས་ཁེངས་འདུག

ཅ་ཧྲའི་སྡོད་དམངས་ཞེ་ཧ་ཏ་ཞི་ཅ་ཆི་ཡིས་བཤད་རྒྱུར། ཁོ་ཟླ5པའི་ཚེས29ཉིན་ཅ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཐེབས་རྩ་ཚོགས་པས་ཅ་ཧྲ་ལྷོ་རྒྱུད་དུ་བཙུགས་ཡོད་པའི་དངོས་ཟོག་བགོ་སའི་ལྟེ་གནས་སུ་སོང་བ་ན། དངོས་རྫས་ལག་ཏུ་མ་ཡོང་བའི་ཁར། སྐར་མ་བཅོ་ལྔའི་རིང་ལ་འཇིགས་སྐྲག་མྱོང་དགོས་བྱུང་། དངོས་རྫས་བགོ་སའི་ར་སྐོར་གྱི་སྒོ་ཕྱེས་པ་ན། མི་རྣམས་སྔ་རྗེས་རྩད་ནས་གནས་དེར་རྒྱུག སྐབས་དེར་དབྱི་སི་རལ་གྱི་དམག་མིས་མེ་མདས་བརྒྱབ་ནས་འཇིགས་སྐུལ་བྱས་པ་ན། མི་རྣམས་སྐྲག་ནས་ཕྱིར་བྲོས་སོང་། སྐབས་དེར་མེ་ཤུགས་ཅུང་ཆེ་བས་ས་འཚུབ་རྡོ་འཚུབ་བྱས་བྱུང་ལ། ཁོའི་ཤ་ཉེ་ཞིག་གི་རྐང་མགོར་མེ་མདའ་ཕོག་སོང་ཟེར།

དབྱི་སི་རལ་གྱི་དམག་མིས་དོན་དེ་ཁས་ལེན་མ་བྱས་མོད། ཁོ་ཚོས་ཟླ5པའི་ཚེས་29ཉིན་ཅ་ཧྲ་དབུས་ཁུལ་གྱི་དངོས་རྫས་སྟེར་སའི་ཉེ་འགྲམ་དུ་མེ་མདས་བརྒྱབ་པ་ཁས་བླངས། ཅ་ཧྲའི་མི་ཆོས་རིང་ལུགས་ཐེབས་རྩ་ཚོགས་པས་ཟླ5པའི་ཚེས་30ཉིན་གསལ་སྒྲོག་སྤེལ་ནས་ཕ་ལི་སི་ཐན་མི་དམངས་དང་རོགས་སྐྱོར་དངོས་རྫས་སྟེར་མཁན་དག་ལ་ཤི་རྨས་བཟོས་པའི་གནས་ཚུལ་བྱུང་མེད་ཅེས་བཤད།

ཨ་མེ་རི་ཁ་མཉམ་འབྲེལ་གསར་འགྱུར་ཁང་གིས་བཤད་པ་ལྟར་ན། ཅ་ཧྲའི་མི་ཆོས་རིང་ལུགས་ཐེབས་རྩ་ཚོགས་པས་གཟའ་འཁོར་འདིའི་ནང་སྔ་མོ་ནས་བྱ་བ་སྒྲུབ་འགོ་བརྩམས་རྗེས། ལས་ཁུངས་དེ་ཅ་ཧྲའི་དངོས་རྫས་སྟེར་ས་མང་པོ་རུ་དཀའ་རྙོག་ལ་འཕྲད། གཞན་ཕ་ལི་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིས་ཚེས27ཉིན་གསལ་སྒྲོག་སྤེལ་ནས། དབྱི་སི་རལ་གྱི་དམག་མིས་དངོས་རྫས་སྟེར་ས་རུ་ཕ་ལི་སི་ཐན་གྱི་མི་འགའ་བསད་པ་དང་། མི་བཅུ་ཕྲག་ལྷག་རྨས་སོང་ཞེས་བཤད།

ཅ་ཧྲའི་མི་ཆོས་རིང་ལུགས་ཐེབས་རྩ་ཚོགས་པའི་འཁོར་སྐྱོད་བྱེད་སྲོལ་ལྟར་ན། དབྱི་སི་རལ་གྱིས་རོགས་སྐྱོར་དངོས་རྫས་བགོ་བར་འཆར་འགོད་བྱེད་དགོས་པ་དང་། སྒེར་གཉེར་ཁེ་ལས་ཀྱིས་ལག་བསྟར་བྱེད་པའི་འགན་ཁུར་དགོས་ལ། སྒེར་གཉེར་འགན་ལེན་ཚོང་པས་བདེ་འཇགས་ལ་འགན་འཁུར་དགོས། དགོད་བྲོ་བ་ཞིག་ལ་ཁོ་ཚོས་ལོ་ངོ་བཅུ་ཕྲག་ལྷག་གི་རིང་ཅ་ཧྲ་ས་ཁུལ་དུ་རོགས་སྐྱོར་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཕྱིར་གཡུག་འདུག

སྨྱན་སྦྱོར་མང་པོས་བཤད་པ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་དང་རོགས་སྐྱོར་ལས་ཁུངས་སོ་སོས་ཅ་ཧྲའི་མི་ཆོས་རིང་ལུགས་ཐེབས་རྩ་ཚོགས་པའི་མི་ཆོས་རིང་ལུགས་ཀྱི་རྩ་དོན་དང་འགལ་བའི་རྐྱེན་སྲོལ་ལ་མི་རངས་པའི་ཚུལ་བསྟན་པ་དང་། དབྱི་སི་རལ་གྱིས་རོགས་སྐྱོར་ལ་ཁ་གཡར་ནས། ཅ་ཧྲའི་མང་ཚོགས་བཙན་གྱིས་གནས་སྤོར་དུ་བཅུག་པས།མང་ཚོགས་ཀྱི་འཆི་བ་དང་ཡུལ་གྱར་གཉིས་ལས་གཅིག་གདམ་ག་མི་བྱེད་ཐབས་མེད་བྱུང་ཡོད་ཅེས་སྐྱོན་བརྗོད་བྱས།

ཞི་ཅ་ཆི་ཡིས་བཤད་རྒྱུར། ཁོ་ཟླ6པའི་ཚེས1ཉིན་ཡང་བསྐྱར་ཅ་ཧྲའི་མི་ཆོས་རིང་ལུགས་ཐེབས་རྩ་ཚོགས་པའི་དངོས་རྫས་བགོ་ས་རུ་འགྲོ་རྒྱུ་ཡིན་ལ། མི་སེར་རྣམས་འཇིག་རྡེའུ་ཡི་ཚད་དུ་འཇོག་པའི་རྣམ་པ་དེ་ངོ་མ་བློ་ཡིད་ལ་མི་ཤོང་པའི་སྐྱོ་གར་ཞིག་རེད་ཟེར། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།