དབྱི་སི་རལ་གྱི་སྐབས་དོན་ཚགས་པར་སྟེང་ཟླ5པའི་ཚེས30ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་མཐོ་རིམ་དཔོན་རིགས་ཤིག་གིས་བཤད་རྒྱུར། དབྱི་སི་རལ་གྱིས་དབུས་ཤར་རྒྱལ་ཁབ་ཀྱི་ཕྱི་འབྲེལ་དཔོན་གྱི་འཐུས་ཚབ་ཚོགས་པ་ཟླ6པའི་ཚེས1ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལ་རུ་འགྲོ་བར་བཀག་འགོག་བྱ་རྒྱུ་ཡིན་ཟེར།
གསལ་སྒྲོག་ལྟར་ན། སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཨེ་ཅིབ། ཅོར་ཏན། ཁ་ཐར། ཐུར་ཁེ་བཅས་ཀྱི་ཕྱི་འབྲེལ་དཔོན་གྱིས་གྲུབ་པའི་འཐུས་ཚབ་ཚོགས་པས་ཟླ6པའི་ཚེས1ཉིན་ལཱ་མུའུ་ཨན་ལ་རུ་སོང་ནས་ཕ་ལི་སི་ཐན་གྱི་མི་རིགས་དབང་འཛིན་ལས་ཁུངས་ཀྱི་ཀྲུའུ་ཞི་ཨ་པ་སི་ལ་ཐུག་འཕྲད་བྱ་རྒྱུ་རེད།
དབྱི་སི་རལ་གྱི་མཐོ་རིམ་དཔོན་རིགས་ཀྱིས་བཤད་རྒྱུར། ཕ་ལི་སི་ཐན་མི་རིགས་དབང་འཛིན་ལས་ཁུངས་ཀྱིས་ཕ་ལི་སི་ཐན་རྒྱལ་ཁབ་འཛུགས་པར་སྐུལ་འདེད་གཏོང་བའི་ཚོགས་འདུ་ཞིག་བསྡུ་རྩིས་ཡོད་ལ། དབྱི་སི་རལ་གྱིས་རྒྱལ་ཁབ་རང་གི་བདེ་འཇགས་ལ་གནོད་པའི་འགུལ་སྐྱོད་དེར་གཞོགས་འདེགས་བྱེད་མི་སྲིད་ཟེར།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།