ཨ་མེ་རི་ཁའི་ཁྲིམས་ཁང་གིས་ཐི་ལིང་ཕུའུ་སྲིད་གཞུང་གི་ཁྲིམས་གཏུག་ཕྱིར་སློག་བྱས།
2025.06.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མེ་རི་ཁའི་རྒྱལ་ཕྲན་མཉམ་འབྲེལ་སྐོར་ཞིབ་གོང་གཏུག་ཁྲིམས་ཁང་དགུ་པས་ཟླ5པའི་ཚེས30ཉིན་ཐི་ལིང་ཕུའུ་སྲིད་གཞུང་གི་ཁྲིམས་གཏུག་ཕྱིར་སློག་བྱས་ནས། ཅ་ལི་ཧྥུ་ཉི་ཡའི་བྱང་ཁུལ་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་ཁྲིམས་ཁང་གི་ཁྲིམས་དཔོན་དབྱི་ཨར་སི་ཏོན་གྱིས་དེ་སྔར་བཏོན་པའི་གནས་སྐབས་བཀག་སྡོམ་གྱི་བཀའ་ཁྱབ་དེ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཕྲན་མཉམ་འབྲེལ་ལས་ཁུངས་དང་སྲིད་གཞུང་ལས་ཕྱོད་པུའུ་ཡིས་གཞི་རྒྱ་ཆེ་བའི་ལས་བཟོ་པ་ཉུང་འཕྲི་དང་བསྐྱར་འཛུགས་ཀྱི་འཆར་གཞི་ལག་ལེན་དུ་བསྟར་བར་བཀག་འགོག་བྱས།

སྐོར་ཞིབ་གོང་གཏུག་ཁྲིམས་ཁང་དགུ་པས་གཞི་རྒྱ་ཆེ་བའི་ལས་མི་ཉུང་འཕྲི་དང་ལས་ཁུངས་བསྐྱར་འཛུགས་་བྱས་ན། ཨ་མེ་རི་ཁའི་རྒྱལ་ཁབ་ཀྱི་ཟས་རིགས་བདེ་འཇགས་མ་ལག་དང་། དམག་ཁུངས་ལས་ཕྱིར་བུད་པའི་དམག་མིའི་སྨོན་བཅོས་ཁམས་སྲུང་སོགས་ཁྱབ་ཁོངས་མང་པོར་གནོད་པ་ཚབས་ཆེན་ཐེབས་སྲིད་པས། ཞུ་གཏུག་ཞིབ་གཅོད་ཀྱི་དུས་སུ་ལག་བསྟར་གྱི་མཚམས་འཇོག་དགོས་པར་འདོད།

དབྱི་ཨར་སི་ཏོན་གྱིས་ཟླ5པའི་ཚེས9ཉིན་དུས་ཡུན་གཟའ་འཁོར་གཉིས་རིང་གི་གནས་སྐབས་བཀག་སྡོམ་བཀའ་ཁྱབ་བཏོན་ནས། རྒྱལ་ཕྲན་མཉམ་འབྲེལ་ལས་ཁུངས་ཀྱིས་ཐི་ལིང་ཕུའུ་ཡིས་ཟླ2པར་ཆོག་མཆན་གནང་བའི་འབྲེལ་ཡོད་སྲིད་འཛིན་བཀའ་རྒྱ་དང་ཕོ་བྲང་དཀར་པོའི་དོ་དམ་དང་སྔོན་རྩིས་གཞུང་ལས་ཁང་གིས་དེའི་རྗེས་སུ་སྤེལ་བའི་བརྗེད་ཐོ་གནས་སྐབས་སུ་ལག་ལེན་དུ་བསྟར་མཚམས་འཇོག་དགོས་པའི་བླང་བྱ་བཏོན་ཡོད། དབྱི་ཨར་སི་ཏོན་གྱིས་ད་རུང་རྒྱལ་ཕྲན་མཉམ་འབྲེལ་ལས་ཁུངས་ཀྱིས་ཐི་ལིང་ཕུའུ་ཡི་ལས་མི་ཉུང་འཕྲིའི་སྲིད་འཛིན་བཀའ་རྒྱ་ཕྱིར་འཐེན་བྱས་ནས། སྲིད་འཛིན་ངལ་གསོ་བྱེད་དུ་བཅུག་པའི་སྲིད་གཞུང་གི་ལས་བྱེད་མི་སྣ་ཡང་བསྐྱར་ལས་གནས་སྟེང་ཡོང་དུ་འཇུག་དགོས་པ་མ་ཟད། ཁོ་ཚོར་ཁ་གསབ་འོས་འཚམ་བྱ་རྒྱུའི་བླང་བྱ་བཏོན། ཟླ5པའི་ཚེས22ཉིན། ཅ་ལི་ཧྥུ་ཉི་ཡའི་བྱུང་ཁུལ་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་ཁང་གིས་ཡང་བསྐྱར་བཀག་སྡོམ་གྱི་དུས་ཡུན་ཇེ་རིང་དུ་གཏོང་རྒྱུའི་ཁྲུན་གཅོད་བྱས། ཨ་མེ་རི་ཁའི་ཁྲིམས་འཛིན་པུའུ་ཡིས་ཉིན་དེར་སྐོར་ཞིབ་གོང་གཏུག་ཁྲིམས་ཁང་དགུ་པར་ཞུ་གཏུག་བྱས།

གཞན་ལུའུ་ཐི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཐི་ལིང་ཕུའུ་སྲིད་གཞུང་གིས་ཨ་མེ་རི་ཁའི་ཆེས་མཐོ་ཁྲིམས་ཁང་བཙལ་ནས་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་ཁྲིམས་ཁང་གི་བཀག་སྡོམ་བཀའ་རྒྱ་དེ་འགོག་ཅི་ཐུབ་བྱ་སྲིད་ཟེར། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།