མཉམ་འབྲེལ་རྒྱལ་ཚོགས་མིའི་རིགས་སྡོད་ཁུལ་ཚོགས་ཆེན་ལས་ཉིས་སྟོང་ཉེར་དྲུག་ལོ་ནས་ཉིས་སྟོང་ཉེར་དགུ་ལོའི་འཐབ་ཇུས་འཆར་གཞི་ལ་གྲོས་འཆམ་བྱུང་།
2025.06.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་མིའི་རིགས་སྡོད་ཁུལ་ཚོགས་ཆེན་སྐབས་གཉིས་པའི་མཐུད་ཚོགས་དེ་ཟླ5པའི་ཚེས30ཉིན་གྱི་དགོང་མོ་ཁུན་ནེ་ཡའི་རྒྱལ་ས་ནེ་ལོ་པིས་ནས་མཇུག་བསྒྲིལ། ཚོགས་འདུ་ལས་འཛམ་གླིང་ཧྲིལ་བོའི་སྡོད་ཁང་གི་ཉེན་ཚབས་ལ་ཁ་གཏད་འཇལ་བ་དང་། ནམ་ཟླའི་རིག་ནུས་དང་བཟོད་སྒོམ་རང་བཞིན་གྱི་གྲོང་ཁྱེར་འཛུགས་སྐྲུན་བྱེད་རྒྱུ་དམིགས་ཡུལ་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་མི་སྡོད་ཧྲུའུ་ཡི་ཉིས་སྟོང་ཉེར་དྲུག་ལོ་ནས་ཉིས་སྟོང་ཉེར་དགུ་ལོའི་འཐབ་ཇུས་འཆར་གཞི་ལ་གྲོས་འཆམ་བྱུང་།

མཉམ་འབྲེལ་རྒྱལ་ཚོགས་མིའི་རིགས་སྡོད་ཁུལ་འཆར་འགོད་ཧྲུའུ་ཡི་ལག་བསྟར་ཀྲུའུ་རིན་ཨ་ན་ཁི་ལའོ་ཏིས་ཡ་ལོ་སི་པ་ཧི་ཡིས་བཤད་རྒྱུར། འཐབ་ཇུས་འཆར་གཞི་དེའི་དམིགས་ཡུལ་ནི་ཚུལ་མཐུན་མིན་པའི་གཞིས་སྡོད་ཁུལ་ལེགས་བཅོས་དང་། ས་ཞིང་བཅོས་སྐྱོང་ལེགས་བཅོས་བྱེད་པ་བཅས་ཀྱི་རྣམ་པ་བརྒྱུད་དེ། ནམ་ཟླའི་འགུལ་སྐྱོད་དང་དབུལ་ཕོངས་སེལ་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་གྲོང་ཁྱེར་ཚུལ་སྒྱུར་གྱི་མདུན་ལྗོངས་ལེགས་པོ་མངོན་འགྱུར་བྱ་རྒྱུ་དེ་ཡིན་ཟེར།

མོས་བཤད་རྒྱུར། འཆར་གཞི་དེས་སྡོད་ཁང་དང་དག་གཙང་གི་འཐུང་ཆུ། འཕྲོད་བསྟེན་སྒྲིག་ཆས་སོགས་གཞི་རྩའི་ཞབས་ཞུ་ལ་ཡར་སྐུལ་བྱས་ནས། འཛམ་གླིང་གི་གྲོང་ཁྱེར་གྱི་ལྗང་མདོག་ཚུལ་སྒྱུར་དང་དར་རྒྱས་གསར་སྐྲུན། མཉེན་གཤིས་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ལ། ཆབ་སྲིད་ཀྱི་འདོད་འདུན་དང་། གསར་སྐྲུན་མ་རྩ་མཉམ་འདྲེས། ཟླ་གྲོགས་ཀྱི་འབྲེལ་བ། ཁ་གཏད་རང་བཞིན་གྱི་ལག་རྩལ་བཀོལ་སྤྱོད་བཅས་ནི་འཐབ་ཇུས་འཆར་གཞི་དེ་མྱུར་དུ་ལག་ལེན་དུ་བསྟར་བ་དང་། གྲོང་ཁྱེར་ཅན་གྱི་རྒྱུན་མཐུད་མཉེན་གཤིས་འཕེལ་རྒྱས་ལ་ཁག་ཐེག་བྱེད་པའི་གནད་འགག་ཡིན་ཟེར།

ཐེངས་འདིའི་ཚོགས་འདུ་ཚོགས་ཡུན་ཉིན་གཉིས་ཡིན་ལ། གྲོས་ཚོགས་ལས་མཱ་ལེ་ཞི་ཡ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཉིས་སྟོང་ཉེར་ལྔ་ལོ་ནས་ཉིས་སྟོང་ཉེར་དགུ་ལོའི་བར་གྱི་མི་སྡོད་ཚོགས་ཆེན་གྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་རྒྱུ་ཐག་བཅད། གྲོས་ཚོགས་ལས་ད་རུང་འཛམ་གླིང་གིགྲོང་ཁྱེར་གླེང་སྟེགས་སྐབས་བཅུ་གསུམ་པ་དེ་ཉིས་སྟོང་ཉེར་དྲུག་ལོའི་ཟླ་ལྔ་པའི་ཚེས་བཅུ་བདུན་ཉིན་ནས་ཚེས་ཉེར་གཉིས་བར་དུ་ཨ་སེ་པད་ཅང་གི་རྒྱལ་ས་པ་ཁོ་ནས་བསྡུ་རྒྱུ་དང་། དེའི་བརྗོད་དོན་ནི་བདེ་སྡོད་ཀྱི་འཛམ་གླིང་། བདེ་འཇགས་དང་མཉེན་གཤིས་ཀྱི་གྲོང་ཁྱེར་དང་གཞིས་ཁུལ་ཞེས་པ་དེ་ཡིན་ཞེས་བསྒྲགས།

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།