ཕ་ལི་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིས་ཟླ5པའི་ཚེས31ཉིན་གསལ་སྒྲོག་སྤེལ་ནས་བཤད་རྒྱུར། ཧ་མ་སིས་ཉིན་དེར་ཅ་ཧྲ་ས་ཁུལ་དུ་དམག་འཁྲུག་མཚམས་འཇོག་པའི་སྐོར་ནས་ཨ་མེ་རི་ཁའི་དབུས་ཤར་གནད་དོན་གྱི་ཆེད་མངགས་ཕོ་ཉ་ཝེ་ཐི་ཁུ་ཧྥོ་ཡི་གྲོས་གཞི་ཆེས་གསར་པར་ལན་བྱིན། དབྱི་སི་རལ་སྨྱན་སྦྱོར་གྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་ཕྱོགས་ཀྱིས་ཧ་མ་སིའི་ལན་དེ་ནི་གྲོས་གཞི་དང་ལེན་མ་བྱས་པའི་གྲས་སུ་བརྩིས་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། གྲོས་སྡུར་བྱེད་བཞིན་པའི་གྲོས་གཞི་ལྟར་དུ། ཧ་མ་སིས་གསོན་བཟུང་བྱས་ཡོད་པའི་དབྱི་སི་རལ་གྱི་མི་བཅུ་ཐམ་པ་དང་འཛིན་བཟུང་བྱས་ཏེ་རྐྱེན་ལམ་དུ་ཤོར་བའི་དབྱི་སི་རལ་གྱི་མི་བཅོ་བརྒྱད་ཀྱི་བེམ་པོ་དེ། གྲོས་མཐུན་བྱུང་བའི་གྲངས་ཀ་ལྟར་དབྱི་སི་རལ་གྱིས་འཛིན་བཟུང་བྱས་པའི་ཕ་ལི་སི་ཐན་གྱི་མི་སྣ་དང་ཕན་ཚུན་བརྗེ་རེས་བྱ་རྩིས་ཡོད་ལ། དེ་དང་མཉམ་དུ་ཧ་མ་སིས་ཅ་ཧྲ་ས་ཁུལ་དུ་དམག་འཁྲུག་དུས་གཏན་དུ་མཚམས་བཞག་ནས། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་ཁྱོན་ཡོངས་ནས་དམག་ཕྱིར་འཐེན་བྱེད་པ་དང་། ཅ་ཧྲའི་སྡོད་དམངས་ལ་རོགས་སྐྱོར་འདོན་སྤྲོད་བྱེད་པར་ཁག་ཐེག་བྱ་དགོས་པའི་བླང་བྱ་བཏོན་ཟེར།
གསལ་སྒྲོག་ལས་དེ་ནི་ཧ་མ་སིས་མི་རིགས་གྲོས་མོལ་ཐེངས་ཤིག་གི་རྗེས་སུ་བྱིན་པའི་ལན་རེད་ཅེས་བཤད་ཡོད།
ཧ་མ་སིའི་མཐོ་རིམ་དཔོན་པོ་པ་ཞི་མུའུ་ནཱ་དབྱི་མུའུ་ཡིས་ཚེས29ཉིན་གྱི་དགོང་མོ་གསལ་སྒྲོག་སྤེལ་ནས། དབྱི་སི་རལ་གྱིས་ཝེ་ཐི་ཁུ་ཧྥོ་ཡི་གྲོས་གཞིར་བྱིན་པའི་ལན་དེ་ཧ་མ་སི་ལ་འབྱོར་ཡོད་པ་དང་། དེའི་ནང་དོན་ལ་བལྟས་ན་དབྱི་སི་རལ་གྱིས་མུ་མཐུད་དུ་བཙན་བཟུང་བྱ་རྒྱུ་ཡིན་པ་མ་ཟད། མུ་མཐུད་དུ་དམར་གསོད་དང་བཀྲེས་ལྟོགས་ཀྱི་སྲིད་ཇུས་སྤྱོད་བསམ་པ་རེད། དབྱི་སི་རལ་ཕྱོགས་ཀྱི་ལན་དེས་ཅ་ཧྲའི་མི་དམངས་ཀྱི་རེ་འདོད་སྣ་གཅིག་ལ་ཡང་བསམ་བློ་བཏང་མེད་པ་དང་། རེ་འདོད་ཆེས་གལ་ཆེན་ནི་དམག་འཁྲུག་མཚམས་བཞག་ནས་མང་ཚོགས་ལ་ལྟོགས་སྐོམ་མྱོང་དུ་མི་འཇུག་རྒྱུ་དེ་ཡིན་ཟེར།
དབྱི་སི་རལ་གྱི་སྐབས་དོན་ཚགས་པར་སྟེང་ཚེས31ཉིན་བཀོད་པའི་གནས་ཚུལ་ལྟར་ན། མིང་བཤད་མི་འདོད་པའི་དབྱི་སི་རལ་གྱི་དཔོན་རིགས་ཤིག་གིས་དབྱི་སི་རལ་གྱིས་ཧ་མ་སིའི་ལན་དེ་གྲོས་གཞི་དང་ལེན་མ་བྱས་པར་བརྩི་རྒྱུ་རེད་ཅེས་བཤད་ཟེར། བསྒྲགས་པའི་གནས་ཚུལ་ལྟར་ན། འབྲེལ་ཡོད་བར་འདུམ་པའི་ཕྱོགས་ཀྱིས་ད་དུང་ཡང་ཧ་མ་སི་དང་མཉམ་ལས་བྱས་ནས། ཧ་མ་སིས་གྲོས་གཞིའི་ནང་བཏོན་པའི་རེ་བར་བསྐྱར་བཅོས་བྱེད་དུ་འཇུག་བཞིན་འདུག་ཟེར།
ཕ་ལི་སི་ཐན་ཅ་ཧྲ་ས་ཁུལ་འཕྲོད་བསྟེན་སྡེ་ཁག་གིས་ཟླ5་པའི་ཚེས31ཉིན་བསྒྲགས་པའི་གཞི་གྲངས་ལྟར་ན། ཟླ་3པའི་ཚེས18ཉིན་གྱི་ཚུན་ལ། ཅ་ཧྲ་ས་ཁུལ་གྱི་འཇབ་རྒོལ་ཁྲོད་དུ་མི་སྟོང་བཞི་དང་བརྒྱ་དང་བཅུ་བདུན་རྐྱེན་ལམ་དུ་ཤོར་པ་དང་། མི་ཁྲི་གཅིག་དང་སྟོང་གཉིས་བཅུ་གསུམ་ལ་རྨས་ཕོག་ཟེར།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།