དབྱི་སི་རལ་གྱི་དམག་གིས་ཧ་མ་སིའི་དམག་དོན་འགོ་ཁྲིད་པ་མོ་ཧན་མོ་ཏི་ཞིན་ཝ་ཨར་བསད།
2025.06.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དང་དབྱི་སི་རལ་རྒྱལ་ཁབ་བདེ་འཇགས་སྤྱི་ཁྱབ་ཅུའུ་ཡིས་ཟླ5པའི་ཚེས31ཉིན་གསལ་སྒྲོག་སྤེལ་ནས། ཕ་ལི་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིའི་དམག་དོན་འགོ་ཁྲིད་པ་མོ་ཧན་མོ་ཏི་ཞིན་ཝ་ཨར་དབྱི་སི་རལ་གྱི་དམག་མིས་ཉེ་སྔོན་ཅ་ཧྲའི་ལྷོ་རྒྱུད་ཀྱི་ཧན་ཡུག་ནེ་སི་ལ་བར་སྣང་འཇབ་རྒོལ་བྱེད་དུས་རྐྱེན་ལམ་དུ་ཤོར་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་མིས་ཟླ5པའི་ཚེས13ཉིན་གྱི་འཇབ་རྒོལ་ཁྲོད་དུ་ད་དུང་ཧ་མ་སིའི་ལ་ཧྥ་དམག་དཔུང་གི་བཀོད་འདོམས་དཔོན་པོ་མོ་ཧན་མོ་ཏི་ཧྲ་པ་ན་དང་ཧ་མ་སིའི་ཧན་ཡུག་ནེ་སི་ལྷོ་རྒྱུད་ས་ཁུལ་གྱི་སྒར་སའི་བཀོད་འདོམས་དཔོནཔོ་མའེ་ཧི་ཏིས་ཁཱ་ལ་གཉིས་བསད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། མོ་ཧན་མོ་ཏི་ཞིན་ཝ་ཨར་ནི་ཧ་མ་སིའི་དམག་དོན་སྡེ་ཁག་ཁྲོད་འཇོན་ཐང་ཆེས་ལྡན་ཞིང་འགན་ཁུར་ཡུན་ཆེས་རིང་བའི་དམག་དཔོན་ཞིག་ཡིན། ཉིས་སྟོང་ཉེར་གསུམ་ལོའི་ཟླ་བཅུ་པའི་ཚེས་བདུན་ཉིན་དབྱི་སི་རལ་ལ་འཇབ་རྒོལ་བྱེད་སྐབས་ནུས་པ་གལ་ཆེན་ཐོན་མྱོང་།

དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ནི་ཡ་ཧུའུ་ཡིས་ཟླ་ལྔ་པའི་ཚེས་ཉེར་བརྒྱད་ཉིན་གཏམ་བཤད་དེ། ཧ་མ་སིའི་སྐུ་གཤེགས་ཟིན་པའི་འགོ་ཁྲིད་ཡེ་ཧེ་ཡ་ཞིན་ཝ་ཨར་གྱི་ནུ་བོ། ཧ་མ་སིའི་དམག་དོན་འགོ་ཁྲིད་པ་མོ་ཧན་མོ་ཏི་ཞིན་ཝ་ཨར་ཟླ་ལྔ་པའི་ཚེས་བཅུ་གསུམ་ཉིན་གྱི་དབྱི་སི་རལ་གྱི་དམག་དཔུང་གི་འཇབ་རྒོལ་ཁྲོད་ནས་རྐྱེན་ལམ་དུ་ཤོར་ཡོད་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་དེའི་སྔོན་ལ་སྤེལ་བའི་གསལ་བསྒྲགས་ལྟར་ན། དབྱི་སི་རལ་གྱི་དམག་གིས་ཟླ་ལྔ་པའི་ཚེས་བཅུ་གསུམ་ཉིན་ཧན་ཡུག་ནེ་སི་རུ་ས་འོག་བཀོད་འདོམས་དང་ཚོད་འཛིན་ལྟེ་གནས་ཤིག་ཏུ་ཡོད་པའི་ཧ་མ་སིའི་དྲག་ཆས་མི་སྣར་གནད་འཁེལ་འཇབ་རྒོལ་བྱས་པ་ཡིན་ཟེར། ཕ་ལི་སི་ཐན་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་གིས་བར་སྣང་འཇབ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི་བཅུ་དྲུག་རྐྱེན་ལམ་དུ་བཏང་བ་དང་མི་བདུན་ཅུ་ལྷག་རྨས་སོང་ཟེར། 

   སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།