ཨུ་རུ་སི་རུ་བསྟུད་མར་ཟམ་པ་གཉིས་རྡིབས་པའི་དོན་རྐྱེན་འཇིགས་སྐུལ་འཇབ་རྒོལ་གྱི་གྲས་སུ་བརྩིས་ཆོག་པར་བཤད།
2025.06.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ་ལྔ་པའི་ཚེས་སོ་གཅིག་དང་ཟླ་དྲུག་པའི་ཚེས་གཅིག་ཉིན་ལ། ཨུ་རུ་སི་རུ་བསྟུད་མར་ཟམ་པ་གཉིས་རྡིབས་པའི་དོན་རྐྱེན་བྱུང་། ཨུ་རུ་སིའི་མྱུལ་ཞིབ་ཨུ་ཡོན་ལྷན་ཚོགས་ཀྱིས་ཟླ་དྲུག་པའི་ཚེས་གཅིག་ཉིན་ཆ་འཕྲིན་སྤེལ་ནས། དོན་རྐྱེན་དེ་གཉིས་འགས་གཏོར་ལས་བྱུང་པ་རེད་ལ། དོན་དག་གི་ངོ་བོ་འཇིགས་སྐུལ་འཇབ་རྒོལ་གྱི་གྲས་སུ་བརྩིས་ཆོག་པར་བཤད།

ཨུ་རུ་སིའི་སྨྱན་སྦྱོར་ལྟར་ན། ཨུ་རུ་སིའི་པུའུ་ལང་སི་ཁུ་མངའ་སྡེ་རུ་ཟླ་ལྔ་པའི་ཚེས་སོ་གཅིག་ཉིན་ཟམ་པ་ཞིག་རྡིབས་ནས། མེ་འཁོར་ལམ་ཐིག་ལས་གཟིར་བའི་དོན་རྐྱེན་བྱུང་། པུའུ་ལིང་སི་ཁུ་མངའ་སྡེའི་འགོ་དཔོན་པོ་ཀི་མ་ཚི་ཡིས་སྤེལ་བའི་གསར་འགྱུར་ལྟར་ན། དོན་རྐྱེན་དེ་ལས་མི་བདུན་རྐྱེན་ལམ་དུ་ཤོར་པ་དང་། མི་དོན་གཅིག་ལ་རྨས་སྐྱོན་ཕོག

ཟླ་དྲུག་པའི་ཚེས་གཅིག་ཉིན་གྱི་ཞོགས་པར། ཨུ་རུ་སིའི་ཁུའུ་ཨར་སི་ཁུ་མངའ་སྡེ་རུ་ཡང་ལྕགས་ལམ་གྱི་ཟམ་པ་རྡིབས་པའི་དོན་རྐྱེན་ཞིག་བྱུང་། མངའ་སྡེ་དེའི་འགོ་དཔོན་ཚབ་མ་ཡ་ལི་ཧྲན་ཏ་ཞིན་ཧྲི་ཐའེ་དབྱིན་གྱིས་ཚེས་གཅིག་ཉིན་སྤྱི་འབྲེལ་སྨྱན་སྦྱོར་སྟེང་བཤད་རྒྱུར། ཉིན་དེའི་ཞོགས་པར་མངའ་སྡེ་དེའི་རི་ལའེ་ཚི་ནུའུ་ཀི་ཨར་སི་ཁུ་མངའ་ཁོངས་སུ་ལྕགས་ལམ་གྱི་ཟམ་པ་ཞིག་སྐྱེལ་འདྲེན་མེ་འཁོར་གཏོང་བཞིན་པའི་སྐབས་སུ་རྡིབས་སོང་ཟེར། ཁུའུ་ཨར་སི་ཁུ་མངའ་སྡེ་དང་པུའུ་ལིང་སི་ཁུ་མངའ་སྡེ་གཉིས་ཨུ་རུ་སིའི་ནུབ་རྒྱུད་དང་ཝུའུ་ཁུ་ལན་གྱི་འབྲེལ་མཚམས་སུ་་ཆགས་ཡོད།

ཚེས་གཅིག་ཉིན་ཨུ་རུ་སིའི་བསྒྲགས་པ་ལྟར་ན། ཨུ་རུ་སིའི་མྱུལ་ཞིབ་ཨུ་ཡོན་ལྷན་ཁང་གིས་བྲེལ་མྱུར་རྟོག་ཞིབ་ཀྱི་འགུལ་བསྐྱོད་སྤེལ་ནས། དོན་རྐྱེན་གྱི་ཞིབ་ཕྲའི་གནས་ཚུལ་ཐག་ཆོད་ཡོད་ཟེར།

ཚེས་གཅིག་ཉིན་ལུའུ་ཐིག་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཆབ་སྲིད་མི་སྣས་དོན་རྐྱེན་དེ་གཉིས་ཝུའུ་ཁུ་ལན་དང་འབྲེལ་ཡོད་པ་དང་། དེ་ནི་ཕྱོགས་གཉིས་ཀྱི་གྲོས་མོལ་ལ་གཏོར་བརླག་བྱེད་པར་འདོད། ཨུ་རུ་སིའི་རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨན་ཏི་ལེ་ཁར་ཐ་པོ་ལོ་ཧྥུ་ཡིས་བསྟན་དོན། དོན་རྐྱེན་དེ་ཝུའུ་ཁུ་ལན་གྱི་དམིགས་བསལ་དམག་དཔུང་གི་བྱ་སྤྱོད་རེད་ཟེར།

ཝུའུ་ཁུ་ལན་ཕྱོགས་ཀྱིས་དོན་དེར་བརྡ་ལན་ཅི་ཡང་བྱིན་མེད།

ཝུའུ་ཁུ་ལན་རྒྱལ་སྲུང་པུའུ་གསང་འཕྲིན་སྤྱི་ཁྱབ་ཅུའུ་ཡིས་ཚེས་གཅིག་ཉིན་སྤྱི་འབྲེལ་སྨྱན་སྦྱོར་གྱི་གློག་འཕྲིན་སྟེང་རྩོམ་ཡིག་སྤེལ་ནས། ས་དེའི་ཟླ་ལྔ་པའི་ཚེས་སོ་གཅིག་ཉིན་གྱི་དགོང་མོ། ཁུ་ལི་མིས་ཡ་ཕྱོགས་སུ་བསྐྱོད་པའི་ཨུ་རུ་སིའི་མེ་འཁོར་ཞིག་གི་ཀྲ་པོ་ལུའོ་རི་མངའ་སྡེ་ཡི་མེ་ལིས་ཐོ་པོ་ཨར་ས་ཁུལ་དུ་འགས་གཏོར་བྱུང་ནས། མེ་འཁོར་གྱི་སྣུམ་སྒམ་དང་ཟོང་སྒམ་གཉིས་ལམ་ཐིག་ལས་གཟུར། ཨུ་རུ་སིའི་དམག་མིས་ཀྲ་པོ་ལོ་རི་ནས་ཁུ་ལི་མིས་ཡ་བར་གྱི་ལམ་ཐིག་གཙོ་བོ་བར་འདུག་ཟེར། ཝུའུ་ཁུ་ལན་གྱི་རྒྱལ་སྲུང་པུའུ་གསང་འཕྲིན་སྤྱི་ཁྱབ་ཅུའུ་ཡིས་ནན་གྱིས་བསྟན་དོན། ཝུའུ་ཁུ་ལན་གྱིས་ཨུ་རུ་སིའི་དམག་མིའི་རྒྱབ་ཕྱོགས་ཞབས་འདེགས་ཀྱི་སྐྱེལ་འདྲེན་ལམ་ཐིག་ལ་མུ་མཐུད་དུ་རྡུང་རྡེག་བྱ་ངེས་ཡིན་ཟེར། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།