འབར་མའི་རྒྱལ་སྲུང་དམག་གིས་གནས་སྐབས་སུ་དམག་འཁྲུག་མཚམས་འཇོག་པའི་དུས་ཡུན་ཇེ་རིང་ལ་གཏོང་རྒྱུ་ཡིན་ཟེར།
2025.06.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

འབར་མའི་རྒྱལ་སྲུང་དམག་གི་སྤྱིའི་བཀའ་འཛིན་པུའུ་ཡིས་ཟླ་ལྔ་པའི་ཚེས་སོ་གཅིག་ཉིན་སྤྱི་སྒྲོག་སྤེལ་ནས། ས་ཡོམ་གྱི་གནོད་ཐེབས་ཁུལ་མྱུར་དུ་བསྐྱར་འཛུགས་བྱས་ནས། རྒྱལ་ཁབ་ཞི་བདེ་བརྟན་འཇགས་ཡོང་བར་བྱ་ཆེད། གནས་སྐབས་སུ་དམག་འཁྲུག་མཚམས་འཇོག་པའི་དུས་ཡུན་དེ་ཟླ་དྲུག་པའི་ཚེས་སུམ་ཅུའི་ཉིན་བར་དུ་ཇེ་རིང་ལ་གཏོང་རྒྱུ་ཡིན་ཟེར།

དེ་སྔོན། འབར་མའི་རྒྱལ་སྲུང་དམག་གིས་ཟླ་བཞི་པའི་ཚེས་གཉིས་ནས་ཟླ་བཞི་པའི་ཚེས་ཉེར་གཉིས་ཉིན་བར་དུ་དམག་འཁྲུག་གནས་སྐབས་སུ་མཚམས་བཞག་པ་དང་། ཕྱིས་སུ་ཟླ་བཞི་པའི་ཚེས་སུམ་ཅུ་ཉིན་བར་དུ་རྗེས་སུ་སྣུར་པ་རེད། ཟླ་ལྔ་པའི་ཚེས་དྲུག་ཉིན། རྒྱལ་སྲུང་དམག་གིས་ཉིན་དེ་ནས་ཕར་བསྲིང་སྟེ་ཟླ་ལྔ་པའི་ཚེས་སོ་གཅིག་བར་དུ་ཕྱིར་སྣུར་བྱས་པ་རེད།

སྤྱི་སྒྲོག་ལས་བཤད་རྒྱུར། དམག་འཁྲུག་གནས་སྐབས་སུ་མཚམས་འཇོག་པའི་དུས་སྐབས་སུ། མི་རིགས་ས་ཁུལ་གྱི་དྲག་ཆས་དང་གཞན་པའི་དྲག་ཆས་རྩ་འཛུགས་གང་རུང་གིས་མི་དམངས་ཀྱི་འགྲིམ་འགྲུལ་ལམ་ཐིག་ལ་བར་ཆད་དང་འཇབ་རྒོལ་བྱས་མི་ཆོག་པ་དང་། ཚེ་སྲོག་དང་གཞུང་རྒྱུ་ལ་གཏོར་བརླག་བྱས་མི་ཆོག་ལ། བདེ་འཇགས་དང་ཁྲིམས་བསྟར་མི་སྣའི་སྒར་ས་རུ་འཇབ་རྒོལ་བྱས་མི་ཆོག་པ་མ་ཟད། དམག་དོན་རྟེན་གཞིར་ཕར་རྒོལ་བྱས་ནས་མངའ་ཁོངས་རྒྱ་སྐྱེད་རྩིས་བྱས་མི་ཆོག གལ་ཏེ་འགུལ་བསྐྱོད་དེའི་རིགས་སྤེལ་ཚེ། རྒྱལ་སྲུང་དམག་གིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་ནས་མང་ཚོགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།

ཉེ་བའི་ལོ་འདི་དག་ལ། འབར་མའི་ས་ཁུལ་སོ་སོ་རུ་དྲག་ཆས་རྩ་འཛུགས་དང་རྒྱལ་སྲུང་དམག་བར་དུ་འཐབ་རྩོད་དང་གདོང་ཐུག་བྱུང་དང་འབྱུང་མུས་སུ་མཆིས། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།