ཧིན་རྡུ་ཉི་ཞི་ཡ་རུ་རི་ཉིལ་བའི་དོན་རྐྱེན་བྱུང་།
2025.06.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཧིན་རྡུ་ཉི་ཞི་ཡའི་ཞི་ཀྲ་ཝ་ཞིང་ཆེན་གྱི་རྡོ་ཟེགས་བརྐོ་བའི་གནས་ཤིག་ཏུ་ཟླ་ལྔ་པའི་ཚེས་སུམ་ཅུ་ཉིན་རི་ཉིལ་བའི་དོན་རྐྱེན་བྱུང་ནས། ཟླ་དྲུག་པའི་ཚེས་གཅིག་ཉིན་བར་དུ་མི་རྐྱེན་ལམ་དུ་ཤོར་བའི་ཁ་གྲངས་བཅུ་དགུ་ལ་འཕར།

ཞི་ཀྲ་ཝ་ཞིང་ཆེན་གནོད་ཐེངས་དོ་དམ་དང་གནོད་འཕྲི་ཅུའུ་ཡི་མགྲིན་ཚབ་པ་ཧ་ཏིས་མ་ཐི་ཧ་ཁྲ་ས་སི་མུས་ཐ་ཡིས་བཤད་རྒྱུར། རྨས་མ་འཚོལ་སྐྱོབ་དང་གནོད་རྗེས་བྱ་བ་བདེ་བླག་ངང་སྒྲུབ་ཆེད། ས་དེའི་ཟླ་ལྔ་པའི་ཚེས་སུམ་ཅུ་ཉིན་ནས་བཟུང་བྲེལ་མྱུར་གྱི་གནས་བབ་ཁྲོད་དུ་ཚུད་ཡོད་ལ། མ་འོངས་པའི་ཟླ་དྲུག་པའི་ཚེས་དྲུག་བར་དུ་རྒྱུན་བསྲིང་དགོས་རྒྱུ་རེད། མིག་སྔར་མི་དྲུག་ད་རུང་གར་སོང་ཆ་མེད་རེད་ཟེར།

ཞི་ཀྲ་ཝ་ཞིང་ཆེན་འཚོལ་སྐྱོབ་སྡེ་ཁག་གི་འགན་ཁུར་བ་ཧྥ་ཐི་ནུའོ་མོ་ཡིས་བཤད་རྒྱུར། ཟླ་དྲུག་པའི་ཚེས་གཅིག་ཉིན་གསར་དུ་རི་ཉིལ་བའི་དོན་རྐྱེན་བྱུང་བའི་དབང་གིས། འཚོལ་སྐྱོབ་ཀྱི་བྱ་བ་མཚམས་མི་འཇོག་ཐབས་མེད་བྱུང་སོང་། ཚེས་གཉིས་ཉིན་ནས་བཟུང་སླར་གསོ་བྱ་རྒྱུ་ཡིན་ཟེར། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།