དབུས་ཤར་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་དང་ཕ་ལི་སི་ཐན་གྱི་སྲིད་འཛིན་གྱི་བརྙན་རིས་གྲོས་ཚོགས་བསྡུས།
2025.06.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སོ་ཏི་ཨ་རབ་དང་པ་ལིན། ཨེ་ཅིབ། ཅོར་ཏན་བཅས་རྒྱལ་ཁབ་བཞིའི་ཕྱི་འབྲེལ་བློན་ཆེན་དང་ཨ་རབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་བཅས་ཀྱིས་གྲུབ་པའི་འཐུས་ཚབ་པས་ཚེས་གཅིག་ཉིན་ཅོར་ཏན་གྱི་རྒྱལ་ས་ཨན་མན་དུ་ཕ་ལི་སི་ཐན་གྱི་སྲིད་འཛིན་ཨ་པ་སི་དང་བརྙན་རིས་གྲོས་ཚོགས་བསྡུས།

ཅོར་ཏན་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ནས། འཐུས་ཚབ་ཚོགས་པས་དབྱི་སི་རལ་གྱིས་ཨ་ཧྲ་ས་ཁུལ་དུ་བཙན་འཛུལ་བྱེད་མཚམས་བཞག་ནས། མི་ཆོས་རིང་ལུགས་ཀྱི་གོད་ཆག་མཇུག་སྒྲིལ་དགོས་ལ། ཕ་ལི་སི་ཐན་མི་དམངས་རང་གི་ས་གཞིའི་སྟེང་དུ་རང་ཚུགས་རང་བདག་གི་རྒྱལ་ཁབ་ཀྱི་ཁེ་དབང་སྲུང་རྒྱུ་མངོན་འགྱུར་བྱ་དགོས་ཞེས་ནན་བཤད་བྱས།

གསལ་སྒྲོག་ལས་བཤད་རྒྱུར། ཨ་པ་སི་ཡིས་འཐུས་ཚབ་ཚོགས་པས་ཅ་ཧྲ་ས་ཁུལ་གྱི་འཐབ་འཁྲུག་མཚམས་བཞག་ནས། མི་ཆོས་རིང་ལུགས་ཀྱི་གོད་ཆག་མཇུག་བསྒྲིལ་དགོས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ལག་བསྟར་ལ་སྐུལ་འདེད་གཏོང་དགོས་པའི་ལྟ་ཚུལ་བཏོན་པར་དགའ་བསུ་ཞུས་ལ། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དེ་རྒྱལ་སྤྱིའི་ཚོགས་འདུ་བརྒྱུད་ནས་དངོས་འབེབ་བྱ་ཐུབ་པའི་རེ་བ་བྱེད་ཀྱིན་འདུག

ཨ་པ་སི་ཡིས་ད་རུང་བསྟན་དོན། ཕ་ལི་སི་ཐན་སྲིད་གཞུང་གིས་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཆབ་སྲིད་དང་དཔལ་འབྱོར། བདེ་འཇགས་བཅས་ཀྱི་ཕྱོགས་ནས་རྒྱབ་སྐྱོར་བྱེད་པའི་རེ་བ་བྱེད་ཀྱིན་ཡོད་ལ། དབྱི་སི་རལ་གྱིས་བཀག་ཉར་བྱས་ཡོད་པའི་ཕ་ལི་སི་ཐན་གྱི་དངུལ་རྩ་ཕྱིར་སྟེར་དགོས་ཟེར། ཨ་པ་སིས་དྲག་ཤུགས་དང་མི་སེར་གྱི་འཇབ་རྒོལ་ལ་ངོ་རྒོལ་བྱེད་ཀྱིན་འདུག་ལ། ཨ་རབ་རྒྱལ་ཁབ་དང་རྒྱལ་སྤྱིའི་མཉམ་ལས་ཟླ་གྲོགས་གཞན་དག་གིས་ས་ཁུལ་འདིའི་བདེ་འཇགས་དང་ཞི་བདེ་ཐད་འབད་པ་ལྷོད་མེད་བྱ་རྒྱུ་ཡིན་ཚུལ་བཤད། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།