མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཚེས2ཉིན་ཉེ་སྔོན་ཅཱ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་དུ་བྱུང་བའི་རོགས་སྐྱོར་དངོས་ཟོག་ལེན་པར་འགྲོ་བའི་ཕ་ལེ་སི་ཐན་གྱི་མིར་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་།
ཀུའུ་ཐི་ལེ་སི་ཡིས་ཚེས2ཉིན་གྱི་སྔ་དྲོར་གསལ་བསྒྲགས་སྤེལ་ནས། ཚེས1ཉིན་ཕ་ལེ་སི་ཐན་གྱི་མིས་ཅཱ་ཧྲ་ས་ཁུལ་དུ་རོགས་སྐྱོར་བརྩོན་ལེན་བྱེད་སྐབས་ཤི་རྨས་བྱུང་བའི་གནས་ཚུལ་གོ་བར་ཧང་སངས་པའི་ཚུལ་བསྟན། ཁོའི་མགྲིན་ཚབ་པ་ཏིས་ཡཱ་ལིས་ཁི་ཡིས་ཕྱི་དྲོའི་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་ཚུལ་དེ་རྒོལ་གཏམ་དུ་བསྒྱུར།
ཀུའུ་ཐི་ལེ་སི་ཡིས་གསལ་བསྒྲགས་ནང་བཤད་རྒྱུར། ཕ་ལེ་སི་ཐན་གྱི་མིས་བཟའ་ཆས་ལེན་ཆེད་ཚེ་སྲིག་གི་ཉེན་ཁ་མྱོང་བ་དེ་ནི་དང་ལེན་བྱེད་ཐབས་མེད་པ་ཞིག་ཡིན་ཟེར། ཁོས་དོན་རྐྱེན་དེའི་ཐད་ནས་མྱུར་དུ་རང་རྐྱ་འཕེར་བའི་རྟོག་ཞིབ་བྱེད་པ་མ་ཟད། ཆག་སྒོ་སློང་མཁན་གྱི་འགན་འཁྲི་རྩད་གཅོད་བྱེད་རྒྱུའི་འབོད་སྐུལ་བཏང་།
ཀུའུ་ཐི་ལེ་སི་ཡིས་བསྟན་དོན། དབྱི་སི་རལ་གྱིས་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱིས་གཏན་ཁེལ་བྱས་པའི་འོས་འགན་གསལ་བོ་ཕྲག་ཏུ་ཁུར་ཡོད་པས། ངེས་པར་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཅཱ་ཧྲ་ས་ཁུལ་དུ་བསྐྱོད་པར་མ་ཟད་དེར་མཐུན་རྐྱེན་བསྐྲུན་དགོས་ཟེར། ཁོས་ངེས་པར་དུ་མྱུར་བ་མྱུར་དུ་གཞི་ཁྱོན་ཆེ་ཞིང་ཤར་བགྲོད་གེགས་མེད་ཀྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་སླར་གསོ་བྱས་ནས། ཅཱ་ཧྲ་ས་ཁུལ་གྱི་མང་ཚོགས་ཀྱི་དགོས་མཁོ་ཆེན་པོ་སྐོང་ཐབས་བྱེད་དགོས། ངེས་པར་དུ་མི་ཆོས་ཀྱི་རྩ་དོན་ལ་བརྩི་མཐོང་བྱེད་པའི་སྔོན་འགྲོའི་འོག་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བདེ་འཇགས་དང་བློ་གཏད་ཆོག་པའི་སྒོ་ནས་རོགས་སྐྱོར་བྱ་བ་སྤེལ་དགོས་ཞེས་ནན་གྱིས་བསྟན།
ཀུའུ་ཐི་ལེ་སི་ཡིས་ངེས་པར་དུ་མྱུར་དུ་ཡུན་རིང་དང་རྒྱུན་སྲིང་གི་དམག་འཁྲུག་མཚམས་འཇོག་རྒྱུ་མངོན་འགྱུར་བྱེད་པ་མ་ཟད། ཆ་རྐྱེན་མེད་པར་བཀག་བཟུང་བྱས་པའི་མི་སྣ་བཙོན་འགྲོལ་གཏོང་རྒྱུའི་སྐུལ་འདེད་བཏང་། ཁོས་ནན་གྱིས་བསྟན་དོན། ཅཱ་ཧྲའི་འཁྲུག་རྩོད་དེ་དམག་དོན་གྱི་བྱེད་ཐབས་བརྒྱུད་ནས་ཐག་གཅོད་མི་རུང་ཟེར།
ཕ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་འཕྲོད་བསྟེན་སྡེ་ཁག་གིས་ཚེས1ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་ལཱ་ཧྥ་ས་ཁུལ་དུ་མི་སེར་སོ་གཅིག་བསད་པ་དང་། དེ་ལས་གཞན་པའི་མི་བཅུ་ལྷག་རྨས། དོན་རྐྱེན་འབྱུང་སྐབས་ཕ་ལེ་སི་ཐན་གྱི་མང་ཚོགས་ཨ་མེ་རི་ཁ་དང་དབྱི་སི་རལ་གྱི་རྒྱབ་སྐྱོར་བྱེད་པའི་རོགས་སྐྱོར་དངོས་ཟོག་སྟེར་ས་ཞིག་ཏུ་འདུ་རུབ་བྱས་ཡོད་ཟེར།
རིན་ཆེན་མཚོས་བསྒྱུར།