ཝུའུ་ཁི་ལན་གྱི་སྲིད་འཛིན་དང་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོས་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པའི་གནད་དོན་སྐོར་ནས་གྲོས་སྡུར་བྱས།
2025.06.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཝུའུ་ཁི་ལན་གྱི་སྲིད་འཛིན་ཙི་ལེན་སི་ཅི་ཡིས་ཚེས2ཉིན་སྤྱི་འབྲེལ་སྨྱན་སྦྱོར་སྟེང་རྩོམ་ཡིག་སྤེལ་ནས་བཤད་རྒྱུར། ཁོས་ཉིན་དེར་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ལོའུ་ཐི་དང་ལི་ཐའོ་ཝན་གྱི་རྒྱལ་ས་ཝིར་ནིའུ་སི་རུ་ཐུག་འཕྲད་བྱས་ནས། ཕྱོགས་གཉིས་ཀྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་དབྱི་སི་ཐན་པོར་གྱི་སྐོར་ཐེངས་གསར་བའི་གྲོས་མོལ་གནས་ཚུལ་དང་དེའི་རྗེས་མཐུད་ནས་བྱང་ཆིངས་རྩ་འཛུགས་ཀྱིས་ཝུའུ་ཁི་ལན་གྱི་རྒྱལ་སྲུང་ཐད་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་གནད་དོན་ཐད་ནས་གྲོས་སྡུར་བྱས།

ཙི་ལེན་སི་ཅི་ཡིས་བཤད་རྒྱུར། ཁོས་ལོའུ་ཐི་ལ། ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་བཀག་བཟུང་མི་སྣ་བརྗེ་རེས་བྱེད་པའི་ཐད་ནས་ལྟ་ཚུལ་གཅིག་མཐུན་བྱུང་ན་ཡང་། ཨུ་རུ་སི་ཕྱོགས་ཀྱིས་ཆ་རྐྱེན་མེད་པར་དམག་འཁྲུག་མཚམས་འཇོག་རྒྱུ་དེ་དང་ལེན་མ་བྱས་ཟེར། ཁོ་དང་ལོའུ་ཐི་ཡིས་ད་དུང་རྗེས་ཕྱོགས་ཀྱི་ཕྱི་འབྲེལ་བྱེད་ཐབས་དང་ཝུའུ་ཁི་ལན་གྱི་རྒྱལ་སྲུང་ལ་རྒྱབ་སྐྱོར་བྱེད་པ་དང་། ལྷག་པར་དུ་ཝུའུ་ཁི་ལན་གྱི་རྒྱང་བརྟེན་རྡུང་རྡེག་ནུས་པ་ཇེ་དྲག་ཏུ་གཏོང་བའི་གནད་དོན་ཐད་ནས་གྲོས་སྡུར་བྱས། ཙི་ལེན་སི་ཅི་ཡིས། ཨུ་རུ་སི་ཕྱོགས་ལ་གནོན་ཤུགས་ཆེན་པོ་ཕྱིན་ནས་ཕ་རོལ་པའི་དམག་འཁྲུག་མཚམས་མི་འཇོག་པའི་ལངས་ཕྱོགས་བཙན་བསྒྱུར་བྱེད་རྒྱུའི་འབོད་སྐུལ་བཏང་།

ཙི་ལེན་སི་ཅི་ཡིས་ད་དུང་། མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་བྱང་ཆིངས་རྩ་འཛུགས་ཀྱི་ཧའེ་ཡཱ་རྩེ་ཚོགས་སྟེང་། ཝུའུ་ཁི་ལན་ལ་འཐུབ་ཚབ་དབང་ཆ་གང་ལེགས་ཐོབ་རྒྱུ་དེ་ཡང་ཧ་ཅང་གལ་ཆེ་བ་དང་། དེས་ཨུ་རུ་སི་ཕྱོགས་ལ་བརྡ་རྟགས་ཡང་དག་གཏོང་ཐུབ།

རིན་ཆེན་མཚོས་བསྒྱུར།